KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow
བཀའ་བརྒྱུད་སྨོན་ལམ་ཐེངས་བཞི་བཅུ་པའི་སྔོན་འགྲོའི་གསུང་ཆོས་ཉིན་དང་པོ། ཆོས་ཐུན་དང་པོ།

བཀའ་བརྒྱུད་སྨོན་ལམ་ཐེངས་བཞི་བཅུ་པའི་སྔོན་འགྲོའི་གསུང་ཆོས་ཉིན་དང་པོ། ཆོས་ཐུན་དང་པོ།

༧དཔལ་རྒྱལ་དབང་པོ་སངས་རྒྱས་ཀརྨ་པ་ཆེན་པོ་མཆོག་ནས་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་བཞི་བཅུ་པའི་སྐབས་རྣམ་སྣང་མངོན་བྱང་གི་ངོ་སྤྲོད་གསུང་བཤད།
ད་དེ་རིང་འདིར་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་བཞི་བཅུ་པའི་སྔོན་འགྲོའི་གསུང་ཆོས་རིམ་པ་དེ་ཆགས་ཡོད་རེད། འདིའི་ཐོག་ལ་ཐོག་མར་ཆིབས་བསྒྱུར་བསྐྱངས་པའི་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྒྱལ་བའི་རྒྱལ་ཚབ་དྲུང་གཽ་ཤྲཱི་ཆེན་པོ་མཆོག་ལ་གུས་ཕྱག་སྔོན་དུ་བཏང་ནས། མཆོག་གི་སྤྲུལ་པའི་སྐུ་རྣམ་པ་དང་། བླ་མ་མཁན་པོ་དགེ་བའི་བཤེས་གཉེན་རྣམ་པ། དེ་བཞིན་དགེ་འདུན་འདུས་པའི་སྡེ། དེ་ག་ནང་བཞིན་འཛམས་གླིང་ས་ཕྱོགས་གང་སར་ནས་ཕེབས་པའི་དད་ལྡན་མི་དམངས་རྣམ་དང་། བོད་རིགས་སྤུན་ཟླ་རྣམ་པ། ཧི་མ་ལ་ཡའི་རིགས་བརྒྱུད་ཀྱི་རྣམ་པ་ཚོ་ཚང་མ་ལ་ཐོག་མར་བཀྲིས་པའི་འཚམས་འདྲི་ཞུ་ཡ་ཡིན། ད་དེ་རིང་འདིར་ཡང་བཀའ་བརྒྱུད་སྨོན་ལམ་ཐེངས་བཞི་བཅུ་པའི་སྔོན་འགྲོའི་གསུང་ཆོས་སྐབས་ནམ་རྒྱུན་དང་མི་འདྲ་བ་༧རྒྱལ་བའི་རྒྱལ་ཚབ་དྲུང་གོ་ཤྲི་ཆེན་པོ་མཆོག་ནས་རྣམ་སྣང་མངོན་བྱང་གི་བཀའ་དབང་བཀའ་འདྲིན་བསྐྱངས་ཡ་ཞལ་བཞེས་བཟང་པོ་ཐོབ་པ་དེ་འདྲ་རེད། སྤྱིར་བཏང་རྣམ་སྣང་མངོན་བྱང་གི་སྐོར་སྔོན་མ་ཡིན་ན་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་ལ་དབང་ལུང་མན་ངག་གི་བརྒྱུད་པ་དང་། འཆད་ཉན་གྱི་རྒྱུན་ཡོད་བསྡད་པ་ཞིག་ཡིན་ས་ཡོད། ཡིན་ན་ཡང་དུས་ཕྱིས་སུ་བརྒྱུད་པ་དེ་ཉམས་ནས། ཕྱོགས་གཅིག་ནས་གསང་སྔགས་ཀྱི་རྒྱུད་གལ་ཆེན་པོ་ཞིག་གི་འཆད་ཉན་ཉམས་པ་ཙམ་མ་ཟད། བོད་ལ་གསང་སྔགས་ལ་རྒྱུད་སྡེ་བཞི་ཞེས་གསུང་གི་ཡོད་རེད། དེ་འདྲ་ཡིན་དུས་ཀཾ་ཚང་ལ་རྒྱུད་སྡེ་བཞིའི་བརྒྱུད་པ་ཆ་མ་ཚང་བའི་བཟོ་འདྲ་བོ་ཞིག་ཆགས་པ་རེད། དེའི་རྒྱུ་མཚན་བརྟེན་ནས་དྲུང་གོ་ཤྲི་ཆེན་པོ་མཆོག་ནས་དཔལ་ས་སྐྱའི་༧སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོའི་སྐུ་མདུན་ནས་རྣམ་སྣང་མངོན་བྱང་གི་དབང་ལུང་གསན་བཞེས་གནང་། གསན་བཞེས་གནང་བ་ཙམ་མ་ཟད་པའི་བསྙེན་སྒྲུབ་དེ་ཚོ་ཡིན་ན་ཡང་ཚད་ལྡན་གནང་། དེ་ཙམ་དུ་མ་ཟད་ད་རེས་དབང་གནང་ཁ་མ་དེ་ལ་ཡང་གནས་མཆོག་རྡོ་རྗེ་གདན་དུ་ཞག་པ་བདུན་ཕྲག་གཅིག་ཙམ་གྱི་རིང་བསྙེན་སྒྲུབ་གནང་། ཐུགས་ཁུར་ཆེན་པོ་བཞེས་བྱས་དབང་གནང་ཡ་དེ་འདྲ་ཆགས་ཡོད་རེད། དེ་འདྲ་ཡིན་དུས་ཙ་ནས་སང་ཉིན་སྟ་གོན། གནང་ཉིན་དངོས་གཞི་གནང་ཡ་བཅས་རེད།
(གསང་སྔགས་ཀྱི་རྒྱུད་སྡེ་བཞི་དང་འབྲེལ་བའི་མཚམས་སྦྱོར་མདོར་བསྡུས།)

ད་དེ་རིང་ངས་རྣམ་པ་ལྷན་རྒྱས་ཚོ་ལ་རྣམ་སྣང་མངོན་བྱང་གི་སྐོར་ངོ་སྤྲོད་མདོར་བསྡུས་གཅིག་ཞུས་པ་ཡིན་ན་ཡག་པོ་མེད་འགྲོ་བསམ་པ་དེ་འདྲ་དྲན་སྡོད་ཀྱི་འདུག །དེ་ཡང་སྤྱིར་བཏང་གསང་སྔགས་དར་ཚུལ་དང་འདི་ཚོའི་སྐོར་མང་པོ་ཞིག་ཞུ་མ་དགོས་པ་བྱས། འདི་ཡང་མ་འོངས་པར་མར་རྔོག་དབྱར་ཆོས་སྐབས་སུ་གསང་སྔགས་དར་ཚུལ་སོགས་རྒྱས་པར་བཤད་ཆོག་གི་རེད། ཡིན་ན་ཡང་སྤྱིར་བཏང་གསང་སྔགས་ཟེར་ཡ་འདི་དུས་རབ་བདུན་པ་དང་བརྒྱད་པའི་དཀྱིལ་དུ་རྒྱ་གར་དང་ཉེ་འཁོར་གྱི་ས་ཁུལ་ཁག་ལ་གསང་སྔགས་ཀྱི་བསྟན་པ་ཤིན་ཏུ་དར་ཁྱབ་ཆེན་པོ་བྱུང་བའི་འགོ་ཚུགས་ཡོད་པ་རེད། དུས་སྐབས་དེ་ཙམ་ན་ཐེག་པ་ཆེན་པོའི་ནང་ལོག་ལ་སྔོན་མ་རིམ་གྱིས་དར་འཕེལ་བྱུང་ཡོད་པའི་གཟུངས་སྔགས་ཟེར་ཡ་དང་། དེ་ག་ནང་བཞིན་ཞི་རྒྱས་དབང་དྲག་གི་སྔགས་ཀྱི་ནུས་པ་སྒྲུབ་ཡ་དང་། དེ་བཞིན་སྔགས་དང་འབྲེལ་བའི་དམིགས་རིམ་དང་ཆོ་ག་ལ་སོགས་པ་ཚང་མ་སྒྲིག་འཛུགས་གཅིག་གི་འོག་ལ་ཕྱོགས་སྒྲིགས་བྱེད་ཡ་རྣམ་པ་གསར་པ་ཞིག་དེ་དུས་འགོ་བཙུགས་ནས་དར་ཕེལ་བྱུང་ཡོད་པ་རེད། དེ་དང་དུས་མཉམ་ཐེག་པ་ཆེན་པོའི་ནང་ལོགས་ལ་ལྐོག་གྱུར་དང་ངོ་མཚར་ཆེ་བའི་རྣམ་པ་གསར་པ་ཞིག །གསང་སྔགས་ཟེར་ཡ་དེ་གཙོ་བོ་ལྐོག་གྱུར་དང་ངོ་མཚར་ཆེ་བའི་རྣམ་པ་གསར་པ་ཞིག་ཆགས་ཡོད་པ་ཡིན་དུས། འདི་རྣམ་པ་གསར་པ་དེ་ཐེག་པ་ཆེན་པོའི་ནང་ལོགས་ལ་དར་ཡ་འགོ་ཚུགས་ཡོད་པ་དེ་འདྲ་རེད། སྤྱིར་བཏང་ཐེག་པ་ཆེན་པོའི་གྲུབ་མཐའ་ཡོངས་སུ་གྲགས་པ་ལ་དབུ་སེམས་ཀྱི་གྲུབ་མཐའ་གཉིས་བཅས་གསུངས་ཡོད་རེད། དབུ་སེམས་ཀྱི་གྲུབ་མཐའ་གཉིས་ཀའི་ངོས་ནས་ལྐོག་གྱུར་དང་ངོ་མཚར་ཅན་གྱི་སྒོམ་སྒྲུབ་པ་བྱེད་ཟེར་ན་ཡང་འདྲ་འདུག །གསང་སྔགས་ཀྱི་ཉམས་ལེན་བྱེད་སྟངས་དེ་ལ་ཡ་ཐུགས་སྣང་གནང་བཅས་ནས། དེ་ཚོ་ཚང་མ་ལ་ཉམས་ལེན་གནང་། ལག་ལེན་བསྟར། དེ་འདྲ་གནང་ཡོད་པ་རེད། དེ་གནང་ཡོད་པ་ཙམ་དུ་མ་ཟད་ཕྱིས་སུ་ཐབས་ལམ་དེ་ཁོ་ན་ལ་བརྟེན་ནས་མཐར་ཐུག་གི་དམིགས་ཡུལ་བསྒྲུབ་ཡ་ཡོད་པ་དེ་འདྲ་ཁས་ལེན་བྱེད་ཡོད། གསང་སྔགས་ཀྱི་ཉམས་ལེན་མ་བྱེད་ན་མཐར་ཐུག་གི་དམིགས་ཡུལ་སངས་རྒྱས་ཀྱི་གོ་འཕང་སྒྲུབ་ཐུབ་ཡ་མེད་པ། དེ་འདྲའི་བཞེད་ཚུལ་གསར་པ་འདྲ་བོ་ཡོང་ཡ་འགོ་ཚུགས་པ་རེད། དེ་འདྲ་ཡིན་དུས་ཙ་ནས་གསང་སྔགས་ཀྱི་གཞུང་ནས་བསྟན་པའི་ལྐོག་གྱུར་དང་ངོ་མཚར་ཅན་གྱི་སྒོམ་སྒྲུབ་ཉམས་ལེན་བྱེད་སྟངས་འདི་ཐེག་པ་ཆེན་པོ་ལ་མེད་དུ་མི་རུང་བའི་ཐབས་ལམ་ཡིན་པ་ཙམ་དུ་མ་ཟད། ཐེག་པ་ཆེན་པོའི་ལྟ་གྲུབ་དེ་རིམ་པས་བཞིན་དུ་གོང་ཕེལ་དུ་འགྲོ་ཡོངས་དུས་ཙ་ནས་མཐར་ཐུག་གོང་འཕེལ་དུ་འགྲོ་ས་དེ་ཡང་། གསང་སྔགས་ཀྱི་ཉམས་ལེན་དེ་ལ་ཐུག་ཡོང་གི་ཡོད་པ་འདྲ་བོ་ཆགས་བསྡད་ཡོད་པ་འདྲ། དེ་འདྲ་ཡིན་དུས་ཙ་ནས། རྒྱུ་མཚན་དེ་ལ་བརྟེན་ནས་སྐབས་དེའི་དུས་ཐེག་པ་ཆེན་པོའི་ཕུལ་དུ་བྱུང་བའི་མཁས་པ་འདི་ཚོས་ལྟ་གྲུབ་ཀྱི་ཆ་ནས་བྱེད་པ་ཡིན་ན་གཙོ་བོ་དབུ་མ་དང་སེམས་ཙམ་པ་དང་། ཡང་ན་རྣལ་འབྱོར་སྤྱོད་པའི་ལྟ་བ་བཞེད་ཡ་དེ་འདྲ་ཡོང་སྡོད་ཀྱི་ཡོད་རེད། ཡང་ན་ང་རང་ཚོས་བཤད་པ་ཡིན་ན་བདེ་གཤེགས་སྙིང་པོ་སྨྲ་བའི་ལྟ་བ་ཞལ་གྱིས་བཞེད་ཡ་དེ་འདྲ་ཡོང་བསྡད་ཀྱིས་ཡོད་རེད། ཡིན་ན་ཡང་སྒྲུབ་པ་ཉམས་ལེན་གྱི་ཆ་ནས་གཙོ་བོ་གསང་སྔགས་ཀྱི་སྒྲུབ་ཐབས་དེ་ཚོ་བེད་སྤྱོད་བྱེད་ཡ་འགོ་ཚུགས་པའི་བཟོ་འདྲ་དེ་འདྲ་ཡོང་བསྡད་ཀྱི་ཡོད་རེད་ཟེར། ད་འོ་ན་ཐེག་པ་ཆེན་པོ་ནས་གསང་སྔགས་ལ་ལྟ་གྲུབ་འཕེལ་རྒྱས་འགྲོ་སྟངས་འདྲ་བོ་འདི་གང་འདྲ་ཞིག་རེད་ལབ་ན། ད་ལྟའི་ཆ་ལ་གསལ་པོ་གསལ་རྐྱང་ཧ་གོ་གི་ཡོད་མ་རེད་ཟེར། དང་པོ་ཐེག་པ་ཆེན་པོ་དེ་ནས་ཕར་གསང་སྔགས་ཀྱི་ལྟ་གྲུབ་ལ་འཕེལ་རྒྱས་ཕྱིན་པ་རེད་ལབ་དགོས་རེད་བ། འགྲོ་སྟངས་འགྲོ་ལུགས་གསལ་པོ་ཞིག་ད་ལྟ་ཧ་གོ་གི་ཡོད་མ་རེད་ཟེར། ད་ཡིན་ན་ཡང་གསང་སྔགས་ཀྱི་ཁྱད་ཆོས་དེ་ཐེག་པ་ཆེན་པོའི་ལྟ་གྲུབ་དར་འཕེལ་བྱུང་བ་ཙམ་ལ་མ་ལྟོས་པར། ཐེག་པ་ཆེན་པོའི་ལྟ་གྲུབ་མ་དར་གོང་ནས་ཡོད་བསྡད་པའི་ལྐོག་གྱུར་དང་ངོ་མཚར་ཆེ་བའི་ཉམས་ལེན་བྱེད་སྟངས་དང་། དེ་ག་ནང་བཞིན་ཕྱག་མཆོད་འབུལ་བྱེད་སྟངས་ལ་སོགས་པ། དེ་དག་ཐམས་ཅད་རྩལ་འདོན་བྱེད། དེ་དག་ཐམས་ཅད་ཁ་སྣོན་བྱེད། དར་འཕེལ་བྱུང་བའི་སྒྲུབ་པ་ཉམས་ལེན་བྱེད་ན་གསང་སྔགས་ཀྱི་ཁྱད་ཆོས་གཅིག་དེ་ཆགས་ཡོད་རེད། དེ་འདྲ་ཡིན་དུས་གསང་སྔགས་ཀྱི་ཆོས་འདི་ཐེག་པ་ཆེན་པོའི་ལྟ་གྲུབ་དར་འཕེལ་བྱུང་བ་ཙམ་ལ་མ་ལྟོས་པར། ཐེག་པ་ཆེན་པོའི་ལྟ་གྲུབ་མ་དར་གོང་ནས་ཡོད་བསྡད་པའི་ཉམས་ལེན་བྱེད་སྟངས་མང་པོ་ཞིག་དེ་ནང་ལོགས་ལ་ཡོད་བསྡད་པ་ཞིག་ཆགས་ཀྱི་ཡོད་ས་རེད། གནད་དོན་དེ་ལ་བརྟེན་བཅས་ནས། ད་ལྟ་རྣམ་སྣང་མངོན་བྱང་དང་རྡོ་རྗེ་དབྱིངས་གཉིས་བྱུང་བ་ལ་བརྟེན་ནས་གསང་སྔགས་ཀྱི་བསྟན་པ་ལ་ལེའུ་གསར་པ་འདྲ་བོ་ཞིག་བྱུང་བའི་འགོ་བཙུགས་པ་རེད། དེང་སང་གི་ཞིབ་འཇུག་པ་མཁས་པ་ཚོས་བཤད་ཀྱི་ཡོད་རེད། དེ་གང་འདྲ་ཟེར་ན་ད་ལྟ་ཇ་པཱན་གྱིས་མཁས་པ་ཚོས་གསུང་རྒྱུན་ལ་ཇ་པཱན་ལ་རྣམ་སྣང་མངོན་བྱང་དང་རྡོ་རྗེ་དབྱིངས་གཉིས་གལ་ཆེན་པོ་བརྩི་བསྡད་ཀྱི་འདུག །ཇ་པཱན་ལ་ང་ཚོ་ནང་བཞིན་གསང་སྔགས་ཀྱི་ཉམས་ལེན་ཤུགས་ཆེན་པོ་ཡོད་པ་རེད། ཁོང་ཚོས་ཉམས་ལེན་གནང་ཡ་གཙོ་བོ་དེ་དཀྱིལ་འཁོར་གཉིས་བཅས་གསུང་གིས་ཡོད་རེད། གཅིག་རྣམ་སྣང་མངོན་བྱང་དང་གཅིག་རྡོ་རྗེ་དབྱིངས་རེད། ཇ་པཱན་གྱི་མཁས་པ་ཚོས་དེ་ལ་གསང་སྔགས་གཙང་མའམ་དྭངས་མ་ཟེར། གསང་སྔགས་དྭངས་མ་ཟེར་ན་གང་རེད་ཟེར་ན། གསང་སྔགས་དྭངས་མ་མ་དར་སྔོན་ལ་གསང་སྔགས་དེ་འདྲ་ཡོད་ཟེར། དཔེར་ན་སྒྲིག་འཛུགས་མེད་པའི་གསང་སྔགས་ཡང་ན་གསང་སྔགས་ཐོར་བུ། དཔེར་ན་ང་རང་ཚོའི་གཟུངས་འདུས་འདི་ཚོའི་ནང་ཡོད་བསྡད་པའི་གཟུངས་སྔགས་ཐོར་བུ་མང་པོ་འདུག་ག །དེ་ཚོ་ལ་གསང་སྔགས་ཕྲན་ཚེགས་གམ་ཐོར་བུ་ཟེར། བྱས་ཙང་གསང་སྔགས་ཕྲན་ཚེགས་གམ་ཐོར་བུ་ལ་བལྟས་བྱས་ནས་གསང་སྔགས་དྭངས་མའམ་ངོ་མ་དེ་བྱུང་བ་རེད་ཟེར། དེ་མ་ཡིན་པའི་རྒྱ་གར་དང་བོད་ལ་ཡིན་ན་ཡང་སྤྱིར་བཏང་གསང་སྔགས་ཀྱི་གཞུང་ལ་དབྱེ་བ་ཕྱེ་སྟངས་། ད་ལྟ་གསང་སྔགས་དྭངས་མ་དང་ཐོར་བུ་ཟེར་ཡ་འདི་ཇ་པཱན་གྱིས་མཁས་པ་ཚོས་དབྱེ་བ་ཕྱེས་ཐང་འདི་ཆགས་ཡོད་རེད། དེ་བཞིན་རྒྱ་གར་ལ་ཡིན་ན་ཡང་གསང་སྔགས་ལ་དབྱེ་བ་ཕྱེ་ཐང་འདྲ་མི་འདྲ་མང་པོ་བྱུང་ཡོད་རེད། བོད་ལ་ཡིན་ན་ཡང་འདྲ་མི་འདྲ་མང་པོ་བྱུང་ཡོད་རེད་ཟེར། ཡིན་ན་ཡང་བོད་ལ་ཡོངས་གྲགས་གསང་སྔགས་ལ་དབྱེ་བ་ཕྱེ་ཐང་གང་འདྲ་ཆགས་ཡོད་ཟེར་ན། གཅིག་འདི་རྒྱུད་སྡེ་བཞིའི་དབྱེ་བ་ཕྱེ་ཐང་འདི་ཆགས་ཡོད་རེད། རྒྱུད་སྡེ་བཞི་ཟེར་ཡ་འདི་ཇ་པཱན་ལ་ང་རང་ཚོ་བོད་བརྒྱུད་ནང་བསྟན་པས་གསུང་སྲོལ་འདྲ་ཞིག་མེད་པ་རེད། ཡིན་ན་ཡང་དེ་འདྲ་བོ་གཅིག །དེ་གི་ཆ་འདྲ་བོ་གཅིག་ཡོད་བསྡད་པ་རེད། དཔེར་ན་བོད་ལ་རྒྱུད་སྡེ་བཞིའི་ནང་གི་བྱ་རྒྱུད་ཟེར་གཅིག་ཡོད་པ། དེ་ཇ་པཱན་འདི་ཚོས་གསུངས་སྟངས་ལྟར་བྱས་པ་ཡིན་ན། གསང་སྔགས་ཕྲན་ཚིག་གསང་སྔགས་ཐོར་བུར་གསུངས་བཞག་པ་འདི་ཚོ་ལ་ངོ་འཛིན་བྱེད་པ་ཡིན་ན་འགྲིག་གིས་ཡོད་པ་འདྲ་བོ་བཞེད་ཀྱིས་ཡོད་རེད། དེ་ག་ནང་བཞིན་རྣམ་སྣང་མངོན་བྱང་འདི་སྤྱོད་རྒྱུད་ཀྱི་རྒྱུད་གལ་ཆེན་པོ་ཞིག་ཡིན་གསུངས་ཀྱིས་ཡོད། རྡོ་རྗེ་དབྱིངས་དེ་བོད་བརྒྱུད་ནང་བསྟན་པས་གསུངས་སྟངས་བྱས་ན་རྣལ་འབྱོར་རྒྱུད་རེད་གསུང་གི་ཡོད་རེད། དེ་ཡིན་དུས་ཙ་ནས་ཇ་པཱན་ལ་ཡང་རྡོ་རྗེ་དབྱིངས་ཀྱི་ཉམས་ལེན་འདི་ཡོད་བསྡད་པ་ཡིན་པ་རེད། ད་དེ་ནས་རྡོ་རྗེ་དབྱིངས་རྗེས་ལ་འཕེལ་རྒྱས་བྱུང་བའི་གསང་སྔགས་ཀྱི་གཞུང་དེ་ཚོ་ལ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཟེར་དབྱེ་བ་ཕྱེ་ཡ་དེ་ཆགས་པ་རེད། ཅེས་ཇ་པཱན་གྱིས་མཁས་ཚོས་དེ་འདྲ་གསུངས་སྲོལ་ཡོད་པ་འདྲ།
(རྒྱུད་སྡེ་བཞིར་དབྱེ་ཚུལ།)

ད་སྤྱིར་བཏང་ཇ་པཱན་ཡིན་ནའང་འདྲ། རྒྱ་གར་ཡིན་ནའང་འདྲ། བོད་ཡིན་ནའང་འདྲ། གསང་སྔགས་ཀྱི་གཞུང་འདི་ཚོས་དབྱེ་བ་ཕྱེས་ཡོངས་དུས་གཙོ་བརྗོད་བྱའི་ནང་དོན་གྱི་ཁྱད་པར་བརྟེན་ནས་དབྱེ་བ་ཕྱེས་ཀྱིས་ཡོད་རེད། ཡང་མཚམས་མཚམས་རིན་ཐང་ཆེ་ཆུང་དང་རྩ་ཆེ་ཆུང་ལ་བརྟེན་བཅས་ནས་དབྱེ་བ་ཕྱེ་ཐང་ཡང་ཡོང་བསྡད་ཀྱི་ཡོད་རེད། ཡང་དབྱེ་བ་ཕྱེ་ཐང་གཞན་དག་གཅིག་ག་རེ་རེད་ཟེར་ན། གཙོ་བོ་གསང་སྔགས་ཀྱི་གཞུང་འདི་ཚོ་བྱུང་སྔ་ཕྱི་གོ་རིམ་ལ་བརྟེན་ནས་དབྱེ་བ་ཕྱེ་ཐང་གཅིག་ཡང་ཡོད་རེད། དེ་ག་རེ་རེད་ཟེར་ན། ཇ་པཱ་གྱི་མཁས་པ་འདིི་ཚོས་ད་ལྟ་གསང་སྔགས་ལ། སྔ་དར་དང་། བར་དར་དང་། ཕྱི་དར་བཅས་དུས་ཚོད་སྔ་ཕྱི་གོ་རིམ་ལ་བརྟེན་ནས་དབྱེ་བ་ཕྱེ་ཐང་གཅིག་ཡོང་བསྡད་ཀྱི་འདུག ། རྣམ་སྣང་མངོན་བྱང་དང་རྡོ་རྗེ་དབྱིངས་གཉིས་པོ་ལ་གསང་སྔགས་བར་དར་གྱི་ཁོངས་སུ་གཏོགས་པ། དེ་གཉིས་མ་བྱུང་བའི་གོང་ལ་དར་བསྡད་པའི་གསང་སྔགས་འདི་ཚོ་ལ་སྔ་དར་བཅས་ལབ་ཀྱིས་ཡོད་རེད་ཟེར། རྣམ་སྣང་མངོན་བྱང་དང་རྡོ་རྗེ་དབྱིངས་གཉིས་དར་ཚར་བའི་རྗེས་ལ་བྱུང་བའི་གསང་སྔགས་དེ་ལ་གསང་སྔགས་ཕྱི་དར་ཅེས་འབོད་ཀྱི་ཡོད་རེད། དེང་སང་ཞིབ་འཇུབ་པ་མང་ཆེ་བས་གསང་སྔགས་ལ་དུས་ཚོད་སྔ་ཕྱིས་ཀྱི་གོ་རིམ་ལ་བརྟེན་ནས་དབྱེ་བ་ཕྱེས་ཐང་འདི་ཡོངས་གྲགས་ཡིན་པ་འདྲ། བོད་གངས་ཅན་ལྗོངས་ཀྱི་གསུང་རྒྱུན་ལ་རྒྱུད་ཀྱི་དབྱེ་བ་བཤད་ཡོང་དུས་དབྱེ་སྒོ་མང་དུ་ཡོད་ཟེར། དེ་ཡང་དབྱེ་སྒོ་གཉིས་སུ་ཕྱེས་བ་ནས་དབྱེ་སྒོ་བདུན་དུ་ཕྱེས་པའི་བར། ཉུང་མཐའ་ལ་གཉིས་སུ་ཕྱེས་ཡ་ཡོད་པ་ནས། མང་མཐའ་ལ་བདུན་དུ་ཕྱེས་པའི་བར་དུ་དབྱེ་ཚུལ་འདྲ་མི་འདྲ་མང་པོ་ཞིག་ཡོང་བསྡད་ཀྱིས་ཡོད་ས་ཡོད། ཡོངས་གྲགས་ལ་རྒྱུད་སྡེ་བཞི་ལ་དབྱེ་བ་ཕྱེས་ཡ་འདི་དར་སྲོལ་ཆེ་བ་ཡོད་པ་འདྲ་བོ་ཞིག་རེད་འདུག །གསང་སྔགས་རྙིང་མ་པ་འདི་ཚོས་ཐེག་པ་རིམ་དགུ་གསུང་པའི་སྐབས་ལ་ཡ་ཀྲི་ཡ་ཨུ་པ་ཡོ་ག་ལ་སོགས་པའི་དེ་འདྲ་དབྱེ་བ་ཕྱེས་ནས་གསུངས་ཡ་གཅིག་ཡོད་རེད་བ། དེ་ཡང་དམིགས་བསལ་གཅིག་རེད། འདི་མིན་བཀའ་བརྒྱུད་ཡིན་ཡང་རེད། ས་སྐྱ་ཡིན་ན་ཡང་རེད། དགེ་ལུགས་ཡིན་ན་ཡང་རེད། ཇོ་ནང་ཞྭ་ལུ་ལ་སོགས་པ་ཐམས་ཅད་ཀྱིས་རྒྱུད་སྡེ་ལ་གཙོ་བོའི་དབྱེ་བ་ཕྱེ་ཐང་རྒྱུད་སྡེ་བཞིའི་དབྱེ་བ་ཕྱེ། ཁུངས་གཙོ་བོ་དགྱེས་རྡོར་གྱི་བཤད་རྒྱུད་རྡོ་རྗེ་མགུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ། །སེམས་ཅན་མཆོག་ལ་རྣལ་
འབྱོར་རྒྱུད། །རྣལ་འབྱོར་བླ་མེད་དེ་ལྟག་ལའོ། །ཚིག་འདིའི་སྒོ་ནས་རྒྱུད་སྡེ་བཞིའི་དབྱེ་བ་ཕྱེ་ཡ་ཁུངས་གཙོ་བོ་ཞིག་བཤད་རྒྱུད་རྡོ་རྗེ་མགུར་གྱི་ཚིག་དེ་མིན་འགྲོ་བསམ་བསམ་ཞིག་ཡོད།
(རྒྱུད་སྡེ་བཞིར་དབྱེ་བ་ཕྱེ་པའི་རྒྱུ་མཚན།)

ད་འོ་ན་རྒྱུད་སྡེ་བཞི་ལ་དབྱེ་བ་ཕྱེ་དགོས་པའི་རྒྱུ་མཚན་གང་ཡིན་ཅེས་འདྲི་བ་ཡིན་ན། རྒྱུ་མཚན་གསུང་ཐང་མང་པོ་ཞིག་འདུག་ག །དཔེར་ན་དགྱེས་རྡོར་དང་བདེ་མཆོག་ཐུན་མིན་གྱི་བཤད་རྒྱུད་སམ་བྷུ་ཊའི་ནང་ལོག་ལ། རྒོད་དང་བལྟ་བ་ལག་བཅང་དང་། །གཉིས་གཉིས་འཁྱུད་ལ་སོགས་པའི་བདག། །སྲིན་བུའི་ཚུལ་གྱི་རྒྱུ་ཕྱིར་གནས། །ཅེས་ཆགས་པ་ལམ་འཁྱེར་ལ་རིགས་མི་འདྲ་བ་བཞི་ཡོད་རེད། འདིའི་རྒྱུ་མཚན་ལ་བརྟེན་ནས། རྒྱུད་སྡེ་མི་འདྲ་བ་བཞི་ལ་རྣམ་པར་ཕྱེ་བ་ཡིན་བཅས་གསུང་གི་འདུག་ག།། ད་ལྟ་དགེ་འདུན་པའི་ཕྱོགས་ཀྱིས་རྒྱུད་སྡེ་བཞིར་འཇོག་དགོས་པའི་རྒྱུ་མཚན་གསུང་པའི་སྐབས་ལ་གཙོ་བོ་ཆགས་པ་ལམ་འཁྱེར་རིགས་བཞི་ལ་བརྟེན་ནས་རྒྱུད་སྡེ་བཞིའི་དབྱེ་བ་གསུངས་པ་རེད་གསུང་ཡ་དེ་ཤུགས་ཆེར་གསུངས་པ་མེད་འགྲོ་བསམ་བསམ་གཅིག་འདུག་ཨ། ཡང་དཔལ་ལྡན་ས་སྐྱ་པ་འདི་ཚོས་ཀྱང་། རྩ་བའི་ཆ་ནས་གསུངས་ཐང་གཅིག་པ་འདྲ་རེད་བཞག །ཡིན་ན་ཡང་རྒྱུ་སྡེ་བཞི་ལ་རྣམ་པར་འཇོགས་དགོས་པའི་རྒྱུ་མཚན་གཅིག་གང་གསུང་གི་འདུག་ཟེར་ན། དཔེར་ན་བྱ་རྒྱུད་འདྲ་བོ་ལ་བསམ་བློ་གཏང་ནས་མདུན་བསྐྱེད་མ་གཏོགས་བདག་བསྐྱེད་མེད་པ། སྤྱོད་རྒྱུད་ལ་བདག་བསྐྱེད་ཡོད་པ་ཡིན་ན་ཡང་ཡེ་ཤེས་སེམས་དཔའ་བཙུགས་པ་མེད་པ། རྣལ་འབྱོར་རྒྱུད་ལ་བདག་བསྐྱེད་དང་ཡེ་ཤེས་སེམས་པ་བཅུགས་གཉིས་ཀ་ཡོད་པ་ཡིན་ན་ཡང་། མཇུག་ཏུ་ཡེ་ཤེས་སེམས་པ་གཤེགས་སུ་གསོལ་བ་དང་། རྣལ་འབྱོར་བླ་མེད་ལ་བདག་བསྐྱེད་ཡོད་བདག་བསྐྱེད་ཀྱི་ཡེ་ཤེས་སེམས་པ་གཤེགས་སུ་གསོལ་ཡ་མེད་པ་ལ་སོགས་པ། དེ་འདྲའི་གོ་ནས་ཉམས་སུ་ལེན་པའི་ལེན་ཐང་མ་འདྲ་བ་དེ་འདྲའི་ཐོག་ནས་རྒྱུད་སྡེ་བཞིའི་རྣམ་གཞག་ཕྱེ་ཐང་གཅིག་གསུང་ཡོང་གི་འདུག་ཨ། དེ་ག་ནང་བཞིན་རྒྱུད་སྡེ་ལ་དབྱེ་བ་བཞིར་འཇོགས་དགོས་པའི་རྒྱུ་མཚན་ད་དུང་ཡིན་ན་ཡང་མང་པོ་ཞེ་དྲག་ཡོད་པ་བཅས། དཔེར་ན་མི་རིགས་བཞིའི་སྒོ་ནས་དབྱེ་བ་ཕྱེ་ཡ། དམངས་རིགས་དང་མཐུན་པའི་རྣལ་འབྱོར་བླ་མེད། རྒྱལ་རིགས་དང་མཐུན་པའི་རྣལ་འབྱོར་རྒྱུད། རྗེ་རིགས་དང་མཐུན་པའི་སྤྱོད་རྒྱུད། བྲམ་ཟེ་རིགས་དང་མཐུན་པའི་བྱ་རྒྱུད། ཅེས་རྒྱ་གར་ལ་རིགས་ཀྱི་དབྱེ་བ་ཞེ་འུ་གཅིག་ཡོད་པ་ཡིན་དུ་ཙ་ནས་དེ་དག་སོ་སོ་དང་མཐུན་པའི་གོ་ནས་ཉམས་ལེན་བྱེད་ཐང་གསུངས་པ་ཡིན་དུས་དེས་རྒྱུ་མཚན་ལ་བརྟན་ནས་རྒྱུད་སྡེ་བཞི་བྱུང་བ་རེད་ཅེས་བཤད་ཐང་གཅིག །ཡང་འདོད་ཆགས་ཅན་འདུལ་བའི་དོན་དུ་རྣལ་འབྱོར་བླ་མེད། ཞེ་སྡངས་ཅན་འདུལ་བའི་དོན་དུ་སྤྱོད་རྒྱུད། གཏི་མུག་ཅན་འདུལ་བའི་དོན་དུ་བྱ་རྒྱུད། མ་ངེས་པའི་རིགས་འདུལ་བའི་དོན་དུ་རྣལ་འབྱོར་རྒྱུད་བསྟན་པ་རེད་ཅེས་དེ་འདྲ་གསུང་མཁན་ཡང་ཡོད་པ་རེད། ད་གང་ལྟར་ཡང་རྒྱུད་སྡེ་བཞིི་བཞག་དགོས་པའི་རྒྱུ་མཚན་གསུང་ཐང་མི་འདྲ་བ་མང་པོ་ཞིག་རེད་བཞག་ཚང་མ་རེ་རེ་བཞིན་དུ་ཞུ་མ་དགོས་པ་བཅས། (རྒྱུད་སྡེ་བཞིའི་གོ་རིམ་སྐོར།)

ཡིན་ན་ཡང་རྒྱུད་སྡེ་བཞི་རྩ་བའི་ཆ་ནས་གོ་རིམ་འདྲ་བོ་འདི་ཚང་མ་གཅིག་པ་ཡོང་བསྡད་ཀྱི་འདུག་དེ་ཡང་རྡོ་རྗེ་མགུར་ནང་ལོག་ དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྟག་ལ་ཞེས་སོགས་གསུངས་པ་ནང་བཞིན། དང་པོའམ་དམའ་ཤོས་བྱ་རྒྱུད། མཐོ་ཤོས་བླ་མེད་ཀྱི་རྒྱུད། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་མེད་ཀྱི་རྒྱུད་བཅས་རིམ་པས་བཞིན་དུ་འགྲོ་ཡ་ཡོད་བསྡད་པ་གཅིག་གསུངས་བསྡད་ཀྱི་འདུག་གྷ། འདི་གོ་རིམ་གསུངས་ཡ་འདི་ཡང་སྐས་གདང་བུ་བཞིན་རྒྱུད་སྡེ་བཞི་པོ་གོ་རིམ་ལྟར་འགྲོ་དགོས་ཡ་འདི་གནད་ག་ཆེན་པོ་རེད་ཟེར། ཉམས་སུ་ལེན་པའི་སྐབས་ལ་གོ་རིམ་བཞིན་དང་པོ་བྱ་རྒྱུད་ཉམས་སུ་ལེན། སྤྱོད་རྒྱུད་ཉམས་སུ་ལེན། རྣལ་འབྱོར་རྒྱུད་ཉམས་སུ་ལེན། རྣལ་འབྱོར་བླ་མེད་ཉམས་སུ་ལེན། དེ་ལ་གནད་ཀ་ཆེན་པོ་ཞིག་ཆགས་ཀྱི་འདུག །དགྱེས་རྡོ་ནང་ལོག་ལ་ཐེག་པའི་རིམ་པ་དགུ་བཤད་ནས། དེ་ཕྱིར་ཀྱཻ་རྡོ་རྗེ་བསྟན། ཐེག་པ་གསུམ་དང་གྲུབ་མཐའ་བཞི་དང་རྒྱུད་སྡེ་བཞི་ལམ་གྱི་རིམ་པ་འདི་ཚོ་སྐས་ཀྱི་གདང་བུ་ལྟ་བུ། རིམ་པ་བཞིན་འཛེགས་འགྲོ་དགོས་ཀྱི་རེད་ཅེས་གསུངས་ཀྱིས་འདུག་ཨ། རྗེ་རིན་པོ་ཆེས་རྟོགས་བརྗོད་འདུན་ལེགས་མའི་ནང་། རྒྱུད་སྡེ་འོག་མ་གསུམ་གྱི་ལམ་གྱི་གཙོས། མ་བཤད་དེ་ཡི་རྣལ་འབྱོར་བླ་མེད་རྒྱུད། རྒྱུད་སྡེ་ཀུན་གྱི་མཆོག་ཏུ་ཐག་དཔྱོད་ཀྱང་། །དམ་བཅའ་ཙམ་དུ་མཛད་པར་ལེགས་མཐོང་ནས། གསང་སྔགས་བླ་མེད་ཀྱི་ཟབ་ཁྱད་འདི་ཚོས་ཡག་པོ་ཧ་གོ་བར་བྱེད་པ་ལ། རྒྱུད་སྡེ་འོག་མ་འདི་ཚོར་ཉམས་སུ་ལེན་སློབ་སྦྱོང་བྱེད་ཡ་འདི་གལ་ཆེན་པོ་རེད། མ་གཏོགས་གསང་སྔགས་བླ་མེད་ཟེར་ཡ་འདི་ཞིའུ་ཅིག་ཟབ་མོ་དང་རྩ་ཆེན་པོ་ཡིན་ཅེས་ཁ་ནས་ལབ་པ་གཅིག་པུས་ཟབ་ཁྱད་ངོ་མ་འདི་ཚོས་ཧ་གོ་ཐུབ་ཀྱི་མ་རེད་ཅེས་གསུངས་འདུག་ཨ། དེ་ག་ནང་བཞིན་རྗེ་རིན་པོ་ཆེ་སྔགས་རིམ་ཆེན་མོའི་ནང་། རྒྱུད་སྡེ་འོག་མ་འདི་རྣམས་ལ། ལམ་ཇི་ཙམ་ཞིག་ཡོད་པ་ཁྱད་པར་མ་ཤེས་ན། གོང་མའི་ལམ་ཐུན་མོང་མ་ཡིན་པ་ནི་མི་ཤེས་པའི་ཕྱིར་རོ། ཅེས་སྤྱོད་རྒྱུད་སྐབས་སུ་གསུངས་དུག་ཨ། དེའི་རྒྱུ་མཚན་ལ་བརྟེན་ནས་སྔོན་མ་ང་རང་གི་མི་འཁྲུག་པ་འདི་ཚོའི་སྐོར་ལ་ཏོག་ཙམ་སློབ་སྦྱོང་བྱེད་པ་ཡིན། འདི་བྱེད་པའི་སྐབས་ལ་ཡིན་ན་ཡང་ང་རང་ལ་གང་ལ་གང་ཙམ་ངེས་ཤེས་འདྲ་བོ་སྐྱེས་སོང་། རྣལ་འབྱོར་བླ་མེད་ཀྱི་རྒྱུད་འདི་ཚོ་ཟབ་ཁྱད་དང་། དེ་ག་ནང་བཞིན་འདི་ཚོ་ཁྱད་པར་དུ་འཕགས་པ་རྩ་ཆེན་པོ་ཡིན་པར་ཧ་གོ་བར་བྱེད་པ་ལ་སྔོན་ལ་རྒྱུད་སྡེ་འོག་མ་འདི་ཚོ་ཉམས་ལེན་བྱེད་དགོས་ཡ། རྒྱུད་སྡེ་འོག་མ་འདི་ཚོ་ཤེས་པར་བྱེད་དགོས་ཡ་གལ་ཆེན་པོ་ཞིག་པོ་ཞིག་པོ་ཆགས་བསྡད་འདུག །དེ་ག་ནང་བཞིན་གསང་སྔགས་བླ་མེད་ཀྱི་ཉམས་སུ་ལེན་ཐང་འདི་ཚོ་ཡིན་ན་ཡང་། དང་པོ་གཞི་རྩའི་ཆ་ནས་རྨངས་གཞི་ཉམས་ལེན་འདི་བྱ་རྒྱུད་སྤྱོད་འདི་ཚོ་རེད་འདུག་ཨ། བྱ་རྒྱུད་སྤྱོད་འདི་ཚོའི་ཐོག་ལ་ཡ་རིམ་པས་ཡར་རྒྱས་ཕྱིན་བཅས་གསང་སྔགས་བླ་མེད་ཀྱི་ཉམས་ལེན་འདི་ཚོ་བྱུང་བ་ཡིན་ས་རེད་བསམ་བསམ་གཅིག་འདུག་ཨ། དེ་འདྲ་ཡིན་དུས་སྔོན་ལ་རྨང་གཞི་ཉམས་ལེན་འདི་ཡག་པོ་ཞིག་ཧ་མ་གོ་ན། གསང་སྔག་བླ་མེད་རྩ་ཆེན་པོ་སྐད་གྲགས་ཆེན་པོ་ལ་མཐོ་སྙོབ་བྱེད་ན་དཀའ་འ་ལས་ཁག་པོ་རེད་འདུག་ཨ། (གནས་མཆོག་རྡོ་རྗེ་གདན་དུ་འགྲོ་མགོན་བཀའ་བརྒྱུད་པའི་འཛམ་གླིང་ཞི་བདེ་སྨོན་ལམ་ཆེན་མོ་ཐེངས་བཞི་ཅུ་པའི་སྔོན་འགྲོ་གསུངས་ཆོས་སྒྲུབ་བརྒྱུད་བསྟན་པའི་གཙུག་ནོར་དཔལ་༧རྒྱལ་དབང་ཀརྨ་པ་ཨྱོན་འགྲོ་འདུལ་ཕྲིན་ལས་དབང་གི་རྡོ་རྗེ་མཆོག་ནས་རྣམ་སྣང་མངོན་བྱང་གི་ངོ་སྤྲོད་མདོར་བསྡུས་གོ་བདེ་དོན་ཟབ་སེར་སྐྱ་ཡོངས་ཀྱི་སྙིང་གི་བདུད་རྩིར་གྱུར་པ་དེ་ཉིད་གུས་ཀརྨ་བསོ་རྒྱལ་པས་ཕབ་བཤུས་ཞུས་པ་ལགས་སོ།