KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

བླ་མའི་སྲི་ཞུ་བ་དང་། སྨོན་ལམ་ཚོགས་མི་རྣམས་ལ་བཀའ་སློབ་ལམ་སྟོན་ཕེབས་པ།

 

ཕྱི་ལོ་ ༢༠༡༨ ཟླ་ ༣ ཚེས་ ༡ ཉིན་གུང་ཡོལ་ཚོུད་གསུམ་པའི་ཐོག་གཏེར་སྒར་འདུས་ཁང་ནང་བླ་མའི་སྲི་ཞུ་བ་དང་། སྨོན་ལམ་ཚོགས་མི་རྣམས་ལ་༧སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་མཆོག་ནས་བཀའ་སློབ་ལམ་སྟོན་ཕེབས་གསལ་དུ། “སྤྱིར་ད་ལྟའི་རྣམ་འདྲེན་བཞི་པ་སངས་རྒྱས་ཤཱཀྱ་ཐུབ་པའི་བསྟན་པ་ཡིན་པ་དང་། མ་འོངས་རྣམ་འདྲེན་དྲུག་པ་སེངྒེ་སྒྲ་དེ་ཉིད་རང་རེའི་མགོན་དཔུང་བླ་ན་མ་མཆིས་པ་༧དཔལ་རྒྱལ་དབང་ཀརྨ་པ་འདི་ཉིད་ཡིན་ཞིང་། སངས་རྒྱས་རྣམས་མཐའ་མེད་པའི་སེམས་ཅན་གྱི་དོན་མཛད་པོ་ཡིན་པས། ད་ལྟ་ཁྱེད་རང་ཚོས་སངས་རྒྱས་ཀརྨ་པའི་ཞབས་ཏོག་བསྒྲུབ་པ་འདི་སྐལ་བ་བཟང་ཞིང་བསོད་ནམས་དཔག་ཏུ་མེད་པ་ཡིན། དེ་ཙམ་མ་ཟད་སངས་རྒྱས་ཀརྨ་པའི་འདས་པའི་སྐུ་ཕྲེང་བཅུ་དྲུག་དང་། མ་འོངས་འབྱུང་འགྱུར་གྱི་སྐུ་ཕྲེང་ཉེར་ལྔ་པོ་ཐམས་ཅད་ལ་ཞབས་ཏོག་ཞུས་པ་སྒོ་ཀུན་ནས་མཚུངས་པ་ཡིན། ཁྱེད་རྣམ་གྱི་ཞབས་ཏོག་སྣ་རེ་བསྒྲུབ་པ་དེ་ཡང་ཡུན་རིང་ཞིང་ཚད་མེད་པ་ཡིན།” ཞེས་བཀའ་སྩལ། 

དེ་རྗེས་༧རྒྱལ་དབང་ཀརྨ་པ་ཆེན་པོ་མཆོག་ནས་དྲ་རྒྱུད་བཀའ་སྩལ་དོན།

བཀའ་བརྒྱུད་སྨོན་ལམ་ཐེངས་སུམ་ཅུ་སོ་ལྔ་པའི་སྨོན་ལམ་གྱི་ཚོགས་མི་ཚོ་དང་དེ་བཞིན་བླ་མའི་སྲི་ཞུ་བ་རྣམ་པ་ཚོ་ཚང་མ་ལ་ད་རིང་གོ་སྐབས་འདི་དང་བསྟུན་ནས་ཚང་མ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་རེ་སྨོན་ལམ་ཐེངས་སུམ་ཅུ་སོ་ལྔ་པ་འདི་ཡི་ཐོག་ལ་ང་རང་དངོས་སུ་བཅར་བའི་གོ་སྐབས་མ་བྱུང་བ་རེད། ཡིན་ན་ཡང་གཟུགས་པོ་འདི་ཐག་རིང་དུ་ཡོད་པ་ཡིན་ན་ཡང་སེམས་པ་འདི་རྣམ་པ་ལྷན་རྒྱས་ཚོ་དང་མཉམ་དུ་སྨོན་ལམ་ལ་ཚོགས་བཅར་ཞུས་ཡོད་བསམ་པ་ཞིག་མོས་པ་བྱེད་ཀྱི་ཡོད། དེ་ག་ནང་བཞིན་ཁ་ཙང་ཉི་མ་བཞི་ཡི་རིང་ལ་ཆོས་འབྲེལ་པོ་ཏོ་བའི་ཆིག་ལབ་རིང་མོའི་ཐོག་ནས་བྱས་པ་རེད་དེས་ང་རང་ཚོ་ཚང་མ་ཆོས་ཀྱི་འབྲེལ་བ་བཟང་པོ་གང་ལ་གང་འཚམས་ཤིག་བྱུང་ཡོད། དེ་འདྲ་ཡིན་དུས་ཙ་ནས། དེ་ཡི་རྒྱུ་མཚན་ལ་བརྟེན་ནས་རྣམ་པ་ལྷན་རྒྱས་མང་པོ་ཞིག་གིས་ད་དེ་རིང་ང་ཐུག་ཐུབ་མ་སོང་བསམ་པ་དེ་འདྲ་དྲན་བསྡད་མཁན་དེ་འདྲ་ཡོང་བསྡད་ཀྱི་ཡོད་རེད། ཡིན་པ་ཡིན་ན་ཡང་དོན་དམ་ལ་ང་རང་ཚོ་ཐུག་འཕྲད་བྱེད་པ་དང་གཅིག་པ་འདྲ་པོ་ཆགས་བསྡད་ཡོད། དེ་འདྲ་སོང་ཙང་ཁྱེད་རང་ཚོ་ཡིན་ན་ཡང་བློ་ཚིམ་པ་ལྟ་བུ་དང་། སེམས་པ་སྐྱིད་པོ་ལྟ་བུ་ཞིག་ཡོང་བའི་སྨོན་འདུན་ཞུ་བཞིན་ཡོད། ད་རྣམ་པ་ལྷན་རྒྱས་ཚོས་མཁྱེན་གསལ་ལྟར་རེད་བཀའ་བརྒྱུད་སྨོན་ལམ་འདི་ཐོག་མ་བརྒྱད་ཅུ་གྱ་གྲངས་ནང་ལ་སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་སྐུ་གོང་མ་དང་སྐྱབས་རྗེ་འབོ་དཀར་རིན་པོ་ཆེ་ཞི་བར་གཤེགས་པ་རྣམ་གཉིས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་གསར་དུ་དབུ་བརྙེས་པ་ལྟ་བུ་ཆགས་ཡོད། ཡིན་ན་ཡང་ལོ་རྒྱུས་ཀྱི་ཐོག་ནས་བཤད་པ་ཡིན་ན་༧རྒྱལ་དབང་ཀརྨ་པ་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐབས་ནས་སྒར་ཆེན་སྨོན་ལམ་ཆེན་མོ་ཞེས་རྒྱ་ཆེན་པོ་ཞིག་འཚོགས་པའི་ལམ་ལུགས་སྔོན་ནས་ཡོད་པ་ལྟ་བུ་རེད། དེ་འདྲ་ཡིན་དུས་ང་རང་རྒྱ་གར་ལ་སླེབས་ཚར་བའི་རྗེས་ལ་བཀའ་བརྒྱུད་སྨོན་ལམ་དང་ག་ལེ་ག་ལེ་འབྲེལ་བ་ཆགས་ནས་དངོས་སུ་ང་རང་བཀའ་བརྒྱུད་སྨོན་ལམ་གྱི་ལས་འགན་ཐོག་འགན་འཁུར་བྱས་ཏེ་ལོ་ངོ་ཕལ་ཆེར་བཅུ་གཅིག་ཙམ་འགྲོ་བཞིན་ཡོད། དེའི་ནང་ལ་ཡིན་ན་ཡང་གཙོ་ཆེ་ཤོས་དགེ་འདུན་པ་དང་། འདུས་པ་ཡོངས་ཀྱིས་རྒྱབ་སྐྱོར་ལ་བརྟེན་ནས་ད་ལྟ་ཡིན་པ་ཡིན་ན་བཀའ་བརྒྱུད་སྨོན་ལམ་འདི་རྒྱ་བསྐྱེད་རང་བཞིན་ནམ། ཞི་བདེ་ཆེན་པོ་ལྟ་བུ་ཞིག་ཆགས་ཀྱི་ཡོད། དེ་ཡི་ཐོག་ལ་མི་རིགས་དང་སྐད་རིགས་མི་གཅིག་པ་མང་པོ་ཞིག་ཀྱང་འཛོམས་ཡོད། དེ་ཡིན་པ་ཡིན་ན་སྔར་ཀརྨ་པ་སྐུ་གོང་མ་རྣམ་པས། ཡུལ་དང་སྐད་རིགས་མི་གཅིག་པ། །མི་རིགས་རྣམ་པ་སྣ་ཚོགས་པའི། །བདེ་སྐྱིད་ཡང་ཡང་དེར་འཛོམས་ཤོག །དེ་ལྟ་བུའི་ཐུགས་སྨོན་མཛད་པ་འདི་དངོས་སུ་ད་ལྟ་ང་རང་ཚོའི་མིག་ལམ་དུ་དངོས་སུ་གྲུབ་པ་ལྟ་བུ་ཆགས་ཡོད། དེའི་རྒྱུ་མཚན་ལ་བརྟེན་ནས་མ་འོངས་པའི་ཆ་ལ་ཡང་ང་ཚོ་ད་ལྟའི་འཛམ་བུ་གླིང་འདི་ཕྱོགས་གཅིག་ནས་ཁོར་ཡུག་གི་གནས་སྟངས་ཐོག་ནས་བཤད་ནའང་དཀའ་ལས་ཁག་པོ་ཆགས་ཡོད། དེ་བཞིན་ལུང་པ་མང་པོའི་ནང་ཆབ་སྲིད་ཀྱི་གནས་སྟངས། བདེ་འཇགས་ཀྱི་གནས་སྟངས་ཡིན་ན་ཡང་དེ་ཙམ་གྱི་བརྟན་པོ་མེད་པ། དེ་བཞིན་ལུང་པ་མང་པོའི་ནང་དམག་འཁྲུག་སོགས་དང་། དེ་བཞིན་ནད་དང་མུ་གེ་དང་། འབྱུང་བའི་འཇིག་པ་ལ་སོགས་མང་པོ་ཞིག་འབྱུང་བཞིན་ཡོད། དེའི་རྒྱུ་མཚན་ལ་བརྟེན་ནས་ང་ཚོས་ངེས་པར་དུ་བཟང་ཕྱོགས་ཀྱི་ནུས་པ་ཟེར་ན་འང་འདྲ་འདུག །དགེ་བའི་སྟོབས་དགོས་པ་འདི་གལ་ཆེན་པོ་ཞིག་ཆགས་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་བཀའ་བརྒྱུད་སྨོན་ལམ་གྱི་དམིགས་ཡུལ་གཙོ་བོ་དེ་གང་རེད་ཅེ་ན། དགེ་བའི་ནུས་པ་འདི་གོང་འཕེལ་དུ་གཏོང་བ་དང་། དགེ་བ་བཟང་པོ་ལ་བཅང་བའི་རེ་བའམ་ཡིད་ཆེས་འདི་ཉམས་གུད་དུ་མི་འགྲོ་བར་གོང་ནས་གོང་དུ་འགྲོ་བའི་ཆེད་དུ་ད་བར་ང་ཚོས་བཀའ་བརྒྱུད་སྨོན་ལམ་ཚོགས་ཀྱི་ཡོད། རྣམ་པ་ལྷན་རྒྱས་ཚང་མའི་ངོས་ནས་ཀྱང་སྨོན་ལམ་གྱི་ཚོགས་པ་ལ་དངོས་སུ་ཞུགས་ཏེ་སོ་སོའི་སེམས་ཀྱི་ཚོར་བ་ཡིན་ན་ཡང་མི་འདྲ་བ་ཞིག་སྐྱེས་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ལྷག་པར་དུ་བླ་མའི་སྲི་ཞུ་བ་ཁྱེད་རང་ཚོ་ཡིན་ན་ཡང་ཉིན་མཚན་མེད་པར་དཀའ་ལས་མང་པོ་རྒྱབ་སྟེ་ཁྱེད་རང་ཚོས་འབད་བརྩོན་མང་པོ་ཞིག་གནང་ཡོད། དེ་དག་ཚང་མ་ལ་དམིགས་བསལ་གྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་རིང་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་གི་ངའི་ཚབ་བྱས་ཟེར་ནའང་འདྲ་འདུག །གང་ལྟར་ཡང་རིན་པོ་ཆེ་ཁོང་ནི་ཀརྨ་ཀཾ་ཚང་གི་རྒྱལ་བ་ཡབ་སྲས་ཀྱི་གྲས་ཤིག་ཆགས་ཡོད། མ་ཟད་རྒྱལ་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་སྲས་ཀྱི་ཐུ་བོའི་གྲས་ཀྱང་ཆགས་ཡོད། དེའི་སྐུ་མདུན་ནས་ཁྱེད་རང་ཚོས་བྱིན་རླབས་ཞུས་པ་དང་། དེ་བཞིན་ཆོས་འབྲེལ་ཞུས་བའི་གོ་སྐབས་ཐོབ་པ་འདི་སྐལ་བ་བཟང་པོ་ཞེ་དྲག་རེད། རྒྱུ་མཚན་དེ་འདྲ་སོང་ཙང་གང་ཅིའི་ཆ་ནས། ངས་ཁྱེད་ཚོ་ཚང་མ་ལ་བློ་ཡིད་ཚིམས་པ་ཞིག་དང་སེམས་དགའ་པོ་བྱུང་ཡོད་པའི་རེ་བ་བྱེད་བཞིན་ཡོད། ཉེ་ཆར་བོད་ཀྱི་ལོ་གསར་དང་རྒྱ་ཡི་ལོ་གསར་ཚེས་བཞིན་པ་ལྟ་བུ་ཆགས་ཀྱི་ཡོད། དེ་རིང་གི་གོ་སྐབས་འདི་དང་བསྟུན་ནས་ལོ་གསར་པའི་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ལོ་གསར་པའི་ནང་ཡང་རྣམ་པ་ལྷན་རྒྱས་ཚང་མ་སྐུ་གཟུགས་གསལ་ཐང་ཡོང་བ་དང་། བསམ་པའི་དོན་ཐམས་ཅད་ཆོས་བཞིན་དུ་འགྲུབ་བའི་སྨོན་འདུན་ཞུ་བཞིན་ཡོད། ཡང་བསྐྱར་ཚང་མ་ལ་བཀའ་བརྒྱུད་སྨོན་ལམ་འདི་ཡི་ཐོག་ཏུ་ཕེབས་ཏེ་སོ་སོ་རང་ཉིད་ཀྱི་དགེ་བ་གོང་འཕེལ་དུ་བཏང་བ་ཡིན་ན་ཡང་རེད། དེ་བཞིན་དཀོན་མཆོག་ལ་མཆོད་པ། སྤྲང་པོ་ལ་སྦྱིན་གཏོང་བྱེད་པ་ལ་སོགས་དགེ་བ་གང་ལ་གང་འཚམས་ཤིག་བྱུང་ཡོད། ད་གཙོ་ཆེ་ཤོས་འདི་མ་འོངས་པའི་མི་ཚེའི་ནང་དགེ་བའི་ནུས་མཐུ་གོང་འཕེལ་དུ་གཏང་ནས། སོ་སོའི་མི་ཚེ་འདི་དོན་དང་ལྡན་པ་འོང་བ་ཞིག་དང་། རང་གཞན་དོན་གཉིས་གྲུབ་པ་ཞིག་འོང་བའི་སྨོན་འདུན་ཞུ་བཞིན་ཡོད། ཐུགས་རྗེ་ཆེ། ཞེས་བཀའ་བསྩལ་ཏོ། །བསམ་གཏན་མཐར་ཕྱིན་ནས།

20180301_Audience Of Guru Sevakas And Monlam Members

དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གི་བློ་སྦྱོང་ཆིག་ལབ་རིང་མོའི་བཀའ་ཆོས་ཉིན་གསུམ་པ།

སྤྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༨ ཉིན་སྔ་དྲོའི་ཚོགས་ཐུན་ཕྱི་མ་འཚོག་སྐབས་སྤོས་རྒྱ་བསུ་མ་དང་བཅས་༸རྒྱལ་དབང་མཆོག་གི་སྐུ་པར་མཐོང་གྲོལ་བཞུགས་ཁྲིའི་ཐོག་གདན་དྲངས་ཏེ་མཎྜལ་རྟེན་གསུམ་སོགས་འདེགས་འབུལ་ཞུས་རྗེས་རྗེ་བདུན་པ་ཆོས་གྲགས་རྒྱ་མཚོས་མཛད་པའི་རྒྱལ་བའི་གསུང་རབ་མངོན་མཐོ་དང་ངེས་ལེགས་ཐེག་པ་གསུམ་གྱི་ལམ། རྒྱུའི་ཐེག་པ་གཙོ་བོར་གྱུར་པའི་བརྒྱུད་པའི་རིམ་པ་རྣམས་ལ་མདོར་བསྡུས་ཏེ་གསོལ་བ་འདེབས་པ་དབྱངས་སུ་གྱེར་མཐར་༸རྒྱལ་དབང་མཆོག་གི་བཀའ་ཆོས་སྔ་མའི་འཕྲོ་མུ་མཐུད་སྩལ་དོན། དེ་རིང་ཉིན་གསུམ་པའི་གསུང་ཆོས་ལ་ཐུག་ཡོད་རེད། དེའི་ཐོག་ཏུ་ཕེབས་པའི་དྲུང་གཽ་ཤྲི་རྒྱལ་ཚབ་རིན་པོ་ཆེ་དང་། སྐྱབས་རྗེ་ཡོངས་དགེ་མི་འགྱུར་རིན་པོ་ཆེ་དབུས་པས་བླ་སྤྲུལ་མཁན་པོ་དགེ་བའི་བཤེས་གཉེན་རྣམ་པ་དང་། དགོན་སྡེ་ཁག་ནས་ཕེབས་པའི་གྲྭ་བཙུན་རྣམ་པ། ཕྱོགས་མཐའ་ཁག་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ཡོངས་ལ་ཐོག་མར་འཚམས་འདྲི་ཞུ་རྒྱུ་ཡིན། 

ད་ཁ་རྩང་གི་འཕྲོས་ནས་མར་ཞུ་རྒྱུ་ཡིན། དེའང་ཚིག་འགྲེལ་མ་ཡིན་པར་དོན་འགྲེལ་གྱི་ཐོག་ནས་ཞུ་རྒྱུ་ཡིན་གསུང་སྟེ་གསུང་ཆོས་དངོས་ལ་འཇུག་གནང་སོང་། པོ་ཏོ་བའི་བློ་སྦྱོང་ཆིག་ལབ་རིང་མོ་ལས་《བླ་མ་བཟང་པོ་གཅིག་དང་མཇལ་ནས་རང་སེམས་ཆོས་སྐུར་འགྲོ་བའི་ཞད་དུ་འདུག །ཅེས་པ་ནས་རིམ་གྱིས་གསུང་སྐབས་བློ་སྦྱོང་ལས། ཆུང་མ་མ་བླངས་པ་གཅིག་པུས་མི་ཕན། ཞེས་པ་ལས་འགྲེལ་བཤད་བསྐྱོན་གནང་སྐབས། འདི་ག་རེ་གསུང་གིན་ཡོད་རེད་ཅེ་ན་ང་རང་ཚོ་རབ་ཏུ་བྱུང་བ་དེ་ཚོ་ཆུང་མ་མ་བླངས་པ་གཅིག་པུས་ཕན་གྱི་མི་འདུག་ཅེས་གསུངས་པ་རེད། འདི་ལ་གོ་རྒྱུ་ཆེན་པོ་ཡོད་རེད། ཀརྨ་ཆགས་མེད་ཀྱི་ཆགས་མེད་རི་ཆོས་ནང་དུ་བོད་སྡོམ་གཅིག་མ་ཞེས་པ་ཞིག་གསུངས་ཡོད། སྡོམ་གཅིག་མ་ཟེར་དུས་གང་ཟེར་གྱི་ཡོད་ཅེ་ན། སྤྱིར་རབ་ཏུ་བྱུང་བ་དེ་ཚོ་ལ་རྩ་བ་བཞིའམ་ཕམ་པ་བཞི་ཞེས་སྲོག་གཅོད་པ། མ་བྱིན་པ་ལེན་པ། མི་ཚངས་པ་སྤྱོད་པ། མི་ཆོས་བླ་མའི་རྫུན་སྨྲ་བ་བཞི་རེད་དེ་བོད་ལ་བོད་སྡོམ་གཅིག་མ་ཞེས་སྡོམ་པ་གཅིག་མ་གཏོགས་ཡོད་མ་རེད། གང་རེད་ཅེ་ན་ཆུང་མ་ཞིག་མ་བཞག་ན་ཁོ་སྡོམ་པ་གཙང་མ་རེད་ཅེས་བཤད་ཀྱི་ཡོད། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་སངས་རྒྱས་ཀྱི་བཀའ་འདུལ་བ་ལ་གཏུགས་པ་ཡིན་ན་དེ་འདྲ་ཞིག་མ་རེད། བོད་ཀྱི་བླ་མ་དེ་འདྲས་མཐུ་བརྒྱབ་སྟེ་མི་གསོད་མཁན་མང་པོ་ཡོད་རེད། དེ་ཡང་ངས་མཐུ་བརྒྱབ་སྟེ་མི་བསད་པ་ཡིན་ཞེས་རྫིག་པོ་བྱས་ཏེ་ཐ་ན་རྣམ་ཐར་ཚུན་ཆད་ཀྱི་ནང་དུ་བྲིས་བཞག་པ་མང་པོ་ཡོད། སོ་སོ་རབ་ཏུ་བྱུང་བ་རེད་དེ་མཐུ་རྒྱབ་སྟེ་མི་གསོད་ཀྱི་ཡོད། དེ་ལ་སྡུག་པོ་བརྩི་གི་ཡོད་མ་རེད། ཡིན་ནའང་སོ་སོའི་སྡོམ་པ་ཤོར་ཚར་བ་རེད། དེ་ནས་མི་ཆོས་བླ་མའི་རྫུན་ཟེར་བ་དེ་ཡོང་རྒྱུ་ལས་སླ་པོ་ཞེ་དྲགས་རེད། སོ་སོར་མི་མང་པོ་ཞིག་གིས་གུས་བཀུར་ཡོད་པར་གྱུར། མཛད་འཕྲིན་ཅུང་རྒྱས་པ་བྱུང་ན་ངས་ལྷ་མཐོང་གི་འདུག་འདྲེ་མཐོང་གི་འདུག །སྟོང་ཉིད་མ་རྟོགས་ནའང་སྟོང་ཉིད་རྟོགས་མདོག་དང་མངོན་ཤེས་མེད་ནའང་ཡོད་མདོག་བྱེད་པ་དེ་འདྲ་ཡོང་གི་ཡོད་པ་རེད། ག་དུས་ཡིན་ནའང་དེ་འདྲ་ཡོང་བའི་གནས་ཚུལ་ཞིག་རེད། དེ་ལྟ་བུའི་མི་ཆོས་བླ་མའི་རྫུན་གྱིས་དེ་ག་རང་སྡོམ་པ་ཉམས་འགྲོ་བཞིན་ཡོད། ཡིན་ནའང་བོད་ལ་མི་ཆོས་བླ་མའི་རྫུན་བཤད་ན་སྡོམ་པ་ཉམས་འགྲོ་རེད་ཟེར་བ་དེ་སྡོམ་པ་གནང་མཁན་ཚོས་ཀྱང་མཚམས་རེ་ཞེ་དྲག་ཧ་གོ་གི་ཨེ་ཡོད་དམ་སྙམ་པ་འདུག །དེ་ནས་མ་བྱིན་པ་ལེན་པ་རྐུ་མ་རྒྱག་པ་ཟེར་དགོས་མ་རེད་དམ། རྐུ་མ་རྒྱག་པའང་དེ་དང་དེ་བཞིན་རེད། མདོར་ན་བོད་སྡོམ་གཅིག་མ་ཞེས་པ་དེ་ཆུང་མ་མ་བཞག་པ་ཙམ་ཞིག་ཡིན་དུས་བོད་ཀྱི་གྲྭ་པ་གཙང་མ་རེད་ཅེས་བཤད་ཀྱི་རེད། ཁོ་སྡོམ་པ་གཙང་མ་རེད་ཅེས་བཤད་ཀྱི་ཡོད་པ་རེད་འགྲིག་གི་ཡོད་རེད། ཡིན་ནའང་སངས་རྒྱས་ཀྱི་བཀའ་འདུལ་བ་ལ་གཏུག་ན་དེ་འདྲ་མ་རེད། སྤྱིར་བཏང་འདུལ་བ་ཡག་པོ་ཤེས་ན་སྡོམ་པ་བསྲུང་རྒྱུ་དེ་དེ་ཙམ་དཀའ་ལས་ཁག་པོ་དེ་འདྲ་ཞིག་ཆགས་ཀྱི་ཡོད་མ་རེད། དེ་རྒྱུ་མཚན་གང་ལ་ཐུག་ཡོད་ཅེ་ན། སངས་རྒྱས་བཅོམ་ལྡན་འདས་དེ་ཐུགས་སྙིང་རྗེ་ཆེན་པོ་ཡོད་མཁན་གྱི་སྐྱེས་བུ་རེད་མ་གཏོགས་བཙན་པོ་དབང་ཡོད་བྱེད་མཁན་ཞིག་དང་། མི་ཕོ་ཤེད་ཅན། དབང་ཤེད་བྱས་པ་མ་རེད།  བྱས་ཙང་འདུལ་བའི་ནང་དུ་སོ་སོས་དངོས་གནས་སྡོམ་པ་བསྲུང་རྒྱུ་ལ་དཀའ་ལས་ཡོད་སྡོམ་པ་སྲུང་མ་ཐུབ་ན་སྡོམ་པ་འབུལ་དགོས་པ་རེད། ད་ཡག་པོ་ཡོང་ས་མ་རེད། ང་དཀའ་ངལ་ཆེན་པོ་འཕྲད་ཀྱི་འདུག་བསམ་པ་བྱུང་ན་སྡོམ་པའམ་བསླབ་པ་འབུལ་དགོས་ཡོད་རེད། སྡོམ་པ་ཕུལ་ན་ཕན་ཡོན་ཡོད་རེད།  སྡོམ་པ་དང་བསླབ་པ་གཉིས་བསླབ་པ་ཕུལ་བ་ལས་སླ་བ་ཡོད། སྡོམ་པ་ཕུལ་བ་ལ་ཆ་རྐྱེན་མང་པོ་ཚང་དགོས། བསླབ་པ་ཕུལ་རྒྱུ་ལ་མི་ཚད་ལྡན་ཞིག་ལ་ལབ་བཞག་ན་འགྲིག་བསྡད་པའི་བཟོ་འདྲ་ཆགས་བསྡད་ཡོད། དེ་འདྲ་བྱས་ན་མ་འོངས་པར་ཡང་བསྐྱར་དུ་བསླབ་པ་ཞུ་དགོས་བསམ་ན་ཞུ་བའི་གོ་སྐབས་ཡོད། བསླབ་པ་ཡང་བསྐྱར་ཞུས་པ་ཡིན་ན་བསླབ་པ་རྣམ་དག་སྐྱེ་བཞིན་ཡོད། དེ་འདྲ་མ་བྱས་བསླབ་པ་ཕུལ་ན་ངོ་ཚ་གི་རེད་བསམ་སྡུག་རུས་བྱས་མཐའ་མ་དེ་ལ་སོ་སོར་དཀའ་ལས་མང་པོ་འཕྲད། སྡོམ་པ་ཤོར་བ་དེ་འདྲའི་དཀའ་ངལ་ཡོང་གི་ཡོད། དེ་འདྲ་བྱུང་བ་ལས་སོ་སོས་ཡར་ཕུལ་མ་འོངས་པར་བསྐྱར་དུ་ཞུ་དགོས་བསམ་ན་ཡང་བསླབ་པ་རྣམ་དག་ཐོབ་རྒྱུ་ཡོད་པ་རེད། དེ་འདྲའི་གནད་འགག་ཤེས་པར་བྱས་ན་བསླབ་པ་ཕུལ། བསླབ་པ་བསྲུང་ཞེས་པ་དེ་སོ་སོས་སྲུང་མ་ཐུབ་པ་ཞིག་སྲུང་དགོས་པ་ཇི་བཞིན་མང་པོ་ཞིག་གིས་གོ་བ་ལེན་གྱི་ཡོད་རེད་དེ་དེ་འདྲ་མ་རེད། ཅེས་སོགས་ནས་‹ དད་པ་ཆེ་ཆེ་ཙུག །བླ་མ་ལ་གུས་གུས་ཙུག །གཏིང་ནས་རང་ཚིག་པ་ཟ་བར་འདུག》 །ཅེས་པའི་བར་བཀའ་ཆོས་སྩལ་རྗེས་ང་ཚོ་ད་ལྟ་བར་ཐག་རིང་པོ་ཞིག་དབར་ཡོད་པར་བསམ་བློ་གཏོང་རྒྱུ་མ་ཡིན་པར་བར་ཐག་ཉེ་བོ་ཡིན་པ་བསམ་བློ་འདོན་དགོས་སྐོར་གསུང་དོན། 

ད་དེ་རིང་མཚམས་དེར་འཇོག་གི་ཡིན་སང་ཉིན་གསུང་ཆོས་ཉིན་མཐའ་དེ་ཆགས་བསྡད་ཡོད། སྤྱིར་བཏང་གི་ད་རེས་གསུང་ཆོས་དེ་ངས་འདི་ནས་མར་བཤད་སྐབས་པར་རྒྱག་མཁན་ཞིག་མ་གཏོགས་མི་སུ་གང་ཡོད་མ་རེད། དེ་ཡིན་དུས་པར་ཆས་བེམ་པོ་ཞིག་ལ་མིག་གིས་བལྟས་ཏེ་བཤད་བསྡད་དུས་སྔོན་མ་ངས་དངོས་སུ་བཤད་པ་དང་ཚོར་བ་འདྲ་གི་ཡོད་མ་རེད། ཡིན་ནའང་ག་ཚད་ཐུབ་ཐུབ་ཅིག་སོ་སོའི་ངོས་ནས་ཁྱེད་རང་ཚོ་ཚང་མ་འདིར་ཡོད་བསམ་པའི་མོས་པ་བྱེད་ཀྱི་ཡོད། ཁྱེད་རང་ཚོའི་ངོས་ནས་ཡིན་ནའང་འཕྲུལ་ཆས་ཆེན་པོ་ཞིག་གི་ངོས་ལ་བལྟ་འདུག་གི་ཡོད་པའི་ཚོར་བ་ལྟ་བུ་མ་ཡིན་པར་དངོས་སུ་ངའི་གམ་ནས་ཆོས་ཉན་གྱི་ཡོད་བསམ་པའི་མོས་པ་བྱས་ན་ང་ཚོ་ཚང་མས་ཕན་ཚུན་འབྲེལ་བ་དེ་ཟབ་མོ་ཞིག་ཡོང་རྒྱུ་དེ་འདྲ་རེད་འདུག །མདོར་ན་འདི་ལྟར་མར་བཤད་འོང་དུས་སྤྱིར་བཏང་གི་ང་ཚོས་ལམ་སེང་ལག་ལེན་བསྟར་ཐུབ་ཀྱི་མ་རེད་དེ་ཉན་འོང་དུས་སེམས་པ་ཏོག་ཙམ་འགུལ་སྐྱོད་རྒྱག་ཐུབ་དགོས། ཕལ་ཆེར་འདིའི་ནང་དུ་གསུངས་བཞག་པ་ཚང་མ་ང་རང་ལ་གསུང་བཞག་པའི་བཟོ་འདྲའི་གོ་བ་ཞིག་ཡོང་བསྡད་ཀྱི་འདུག་དུས་དེ་ཙམ་ཞིག་གོ་བ་ཡོང་རྒྱུ་དེ་ཡག་པོ་རེད་བསམ་གྱི་འདུག །གང་ལྟར་བཤད་བཞག་པ་ཙམ་གྱིས་དེ་ཙམ་གོ་ཆོད་ཡོད་མ་རེད། ཉན་པ་ཙམ་གྱིས་གོ་ཆོད་ཡོད་མ་རེད། ཡང་ནས་ཡང་དུ་རང་གི་སེམས་རྒྱུད་དང་སྦྱར་ནས་སོ་སོ་ལ་འགྱུར་བ་གཏོང་ཐུབ་པར་འབད་བརྩོན་བྱ་དགོས་རྒྱུ་དེ་གལ་ཆེན་པོ་རེད། དེ་འདྲ་བྱུང་ན་དངོས་གནས་དྲང་གནས་ཆོས་དེས་ཕན་ཐོགས་གཏིང་ཟབ་ཡོང་གི་ཡོད། དེ་འདྲ་མ་ཡིན་པར་ཆོས་ཟེར་བ་དེ་ཁ་ནས་མ་ཎི་བགྲང་བ་དང་ལྷ་ལ་མཆོད་པ་ཕུལ་བ་ཙམ་ཞིག་གིས་ཆོས་ཀྱི་ཕན་ཐོགས་ངོ་མ་ཡོང་ཟེར་བ་དཀའ་ལས་ཁག་པོ་ཞེ་དྲག་རེད། དེ་ཡིན་དུས་ཚང་མས་དེ་ལྟར་ཐུགས་ལ་འཇོག་རོགས་གནང་། སྤྱིར་བཏང་ད་རེས་བཀའ་བརྒྱུད་སྨོན་ལམ་སྐབས་ལ་ལོ་སྔ་མ་ལྟར་ལས་དམིགས་བསལ་མཛད་རིམ་ཡོད་མ་རེད། ནཱ་རོ་ཆོས་དྲུག་གི་རས་འབུད་བཤར་རྒྱུ་དང་། གནས་བརྟན་བཅུ་དྲུག་ཕྱག་སྐོར་ཕེབས་རྒྱུ། བཀའ་འགྱུར་ཆོས་སྐོར་ལ་ཕེབས་རྒྱུ་དེ་ཚོ་སྔ་མ་ནས་བྱེད་ཀྱི་ཡོད་རེད། དེའི་ནང་ནས་གནས་བརྟན་ཕྱག་སྐོར་ལ་ཕེབས་མཁན་ཚོ་ཁ་རྩང་སྔོན་མ་ནས་ཚོགས་འདུ་འཚོགས་སྐབས་ཞུས་པ་བཞིན་བཀའ་བརྒྱུད་པའི་བཤད་གྲྭ་ཁག་ནས་གདམ་སྟེ་གནས་བརྟན་ཕྱག་སྐོར་ལ་ཕེབས་མཁན་རྣམས་ཀྱིས་སྔོན་ནས་གྲ་སྒྲིག་དགོས་རྒྱུ་གལ་ཆེན་པོ་རེད། བཀའ་འགྱུར་ཆོས་སྐོར་ཡང་དེ་བཞིན་རེད། ང་ཚོས་ད་ལོ་བཀའ་བརྒྱུད་སྨོན་ལམ་ལ་ཆེད་དུ་དམིགས་ཏེ་འཇང་བཀའ་འགྱུར་ཆུང་དུ་བཏང་སྟེ་པར་བརྒྱབ་ཡོད། ད་རེས་བཀའ་བརྒྱུད་སྨོན་ལམ་སྐབས་ལ་འཇང་བཀའ་འགྱུར་ལྗགས་སྒྲོག་ཞུ་རྒྱུ་དེ་ཡིན་པ་རེད། དེ་བཞིན་ནཱ་རོ་ཆོས་དྲུག་རས་འབུད་བྱ་རྒྱ་ལའང་བླ་མ་ག་ཚད་ཕེབས་ཐུབ་ཀྱི་ཡོད་མེད་ཧ་གོ་མ་སོང་། ག་ཚད་ཕེབས་ཐུབ་ཀྱི་ཡོད་ནའང་དེ་ཚོའི་ཆོས་དྲུག་གི་འཁྲུལ་འཁོར་རྒྱག་རྒྱུ་དང་མཐའ་མ་དེ་ལ་རས་འབུད་གནང་རྒྱུ་དེ་སྔ་མ་ནང་བཞིན་ཕེབས་ཐུབ་པའི་རེ་བ་ཞུ་བཞིན་ཡོད། རས་འབུད་བྱ་རྒྱུ་དེ་རྒྱལ་དབང་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐབས་ནས་སྒར་ཆེན་ཆོ་འཕྲུལ་སྨོན་ལམ་ཚུགས་པའི་སྐབས་ལ་བཤད་གྲྭ་བ་ཚོས་རྟགས་བསལ་བཏང་། སྒྲུབ་པ་བ་ཚོས་རས་འབུད་བྱ་རྒྱུའི་ལུགས་སྲོལ་ཡོད་པ་རེད། དེའི་རྒྱུ་མཚན་ལ་བརྟེན་ནས་ལོ་རྟག་པར་བྱ་རྒྱུའི་འཆར་གཞི་ཆགས་བསྡད་ཡོད། དེ་ཡིན་དུས་དེ་ཚང་མས་ཐུགས་ལ་བཞག་རྒྱུ་དེ་གལ་ཆེན་པོ་རེད། ཅེས་གསུང་སྟེ་ཆོས་ཐུན་མཇུག་ཏུ་ནམ་རྒྱུན་ལྟར་ལྗགས་བསྔོ་དང་འདོན་པ་སོགས་མཇུག་བསྐྱངས་པ་བཅས་གནས་ཚུལ་དང་བཀའ་སློབ་སྙིང་བསྡུས་སུ་བཀོད་པའོ།། 

ཐུབ་བསྟན་སྦྱིན་པ་ནས། 

20180228_Monlam Day3_Teaching On Potowa`s Long Soliloquy4-3

བཀའ་བརྒྱུད་སྨོན་ལམ་ཚོགས་པས་གོ་སྒྲིག་གནང་བའི་རིན་མེད་འཕྲོད་བསྟེན་སྨན་ཁང་དུ་གཟིགས་ཞིབ་ཕྱིར་ཆིབས་སྒྱུར་བསྐྱངས་པ།

 

ཕྱི་ལོ་2018 ཟླ་བ་2 ཚེས་28 ཉིན་རྡོར་གདན་གྱི་ཉེ་འདབས་ Sujata Vihar Tourist Complex ཞེས་པའི་ཁང་བཟང་ཐོག་བརྩེགས་འོག་མར་སྨོན་ལམ་ཚོགས་པས་གོ་སྒྲིག་གནང་འདུག །རིན་མེད་འཕྲོད་བསྟེན་ཁང་དེ་ཡང་འདི་ལོ་2018 ཟླ་བ་2 ཚེས་28 ནས་ཟླ་བ་3 པའི་ཚེས་04 བར་སྟེ་ཉིན་ལྔའི་རིང་ས་གནས་དེ་དག་གི་ཉམ་ཐག་ཀུན་ལ་རིན་མེད་སྨན་སྦྱིན་གནང་རྒྱུ་ཡིན་འདུག །དེར་རིན་མེད་དྭང་བླངས་ཀྱི་ཞབས་ཞུ་བ་མི་སྣ་ལྔ་བཅུ་ལྷག་ཙམ་འདུག །དེ་དག་ལས་སྨན་པ་ཆེ་བ་དྲུག་དང་། སྨན་ཞབས་པ་བཅུ་གཅིག།།དམིགས་བསལ་སྲི་ཞུ་བ་སོ་ལྔ་ལྷག་གིས་མགོན་མེད་ཉམ་ཐག་དེ་དག་ལ་ཕྱག་རོགས་གང་དྲག་ཞུ་བཞིན་འདུག །རིན་མེད་འཕྲོད་བསྟེན་ཁང་འདིར་ཡང་ཕྱི་རྒྱལ་གྱི་སྨན་ཁང་ཆེན་པོ་ལྟར་ལམ་ལུགས་བཟང་ཞིང་། ཁྲིམས་སྲོལ་ཡང་ཧ་ཅང་ལེགས་པོ་འདུག །དེ་ཡང་ཐོག་མར་མགོན་མེད་ཉམ་ཐག་དེ་དག་གནས་དེར་འབྱོར་བ་དང་ཞབས་ཞུ་བ་རྣམས་ཀྱི་མིང་ཐོ་བཀོད་ཅིང་། དེ་ནས་རིམ་གྱིས་སྨན་ཞབས་པ་རྣམས་ཀྱིས་ལུས་ཀྱི་ལྗིད་ཚད་དང་རིང་ཚད་བརྟགས་པ་མ་ཟད། ཁྲག་ཤེད་དང་ཀ་རའི་ནད་གཞི་སོགས་ཡོད་མེད་བརྟགས་རྗེས་རང་རང་གི་ནད་གཞི་དང་བསྟུན་པའི་སྨན་པའི་སར་བཏང་། དེ་ནས་སྨན་པས་ནད་པ་རྣམས་ལ་རང་གི་ན་ཚ་དང་བསྟུན་པའི་སྨན་གྱི་མིང་ཐོ་བཀོད་དེ་ཁང་མིག་མཐའ་མར་བཏང་། དེར་ཡང་སྨན་སྦྱིན་ལས་ཞབས་པས་ཕོ་མོའི་ཚན་པ་གཉིས་སུ་བསྒྲིགས་ཏེ་གྲལ་རིམ་གྱིས་སྨན་བྱིན་ནས་གཟིགས་སྐྱོང་ཚུལ་བཞིན་གནང་གིན་འདུག །

༧སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་མཆོག་མ་ཕེབས་གོང་དུ་གོ་སྒྲིག་པ་སྐུ་ཞབས་ལྷག་པ་ཚེ་རིང་ནས་འཕྲོད་བསྟེན་ཁང་དེ་ཡི་བསྐོར་གསལ་རྒྱས་ཤིག་ཀྱང་གསུངས་བྱུང་། དེ་ནས་ཚོུད་11 ཕྱེད་ཀྱི་ཐོག་༧སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་མཆོག་དང་ཡོངས་དགེ་མི་འགྱུར་རིན་པོ་ཆེ་རྣམ་གཉིས་ཞབས་སོར་འཁོད་རྗེས་བཀའ་བརྒྱུད་སྨོན་ལམ་གྱི་འགན་འཛིན་བླ་མ་ཆོས་གྲགས་དང་རིན་མེད་འཕྲོད་བསྟེན་ཁང་གི་གོ་སྒྲིག་པ་སྐུ་ཞབས་ལྷག་པ་ཚེ་རིང་རྣམ་གཉིས་ནས་མཇལ་དར་ཕུལ་བ་དང་བཅས་སྨན་ཁང་དུ་ཕེབས་བསུ་ཞུས། བླ་མ་ཆོས་གྲགས་དང་ལྷག་པ་ཚེ་རིང་རྣམ་གཉིས་ནས་ངོ་སྤྲོད་ཞུས་བ་དང་ཆབས་ཅིག་༧སྐྱབས་རྗེ་རྣམ་གཉིས་ནས་སྨན་སྤྲོད་ཁང་དང་བརྟག་དཔྱད་ཁང་ཡོངས་ལ་རིམ་གྱིས་ཕེབས་ནས་གཟིགས་ཞིབ་དང་སྲི་ཞུ་བ་རྣམས་ལ་བཀའ་འདྲི་ལེགས་པར་མཛད། 

གཟིགས་ཞིབ་གྲུབ་རྗེས་དེའི་མདུན་ཐད་ཀྱི་ All India Bhikkhu Sangha ཞེས་པའི་ཁང་པར་རོགས་པ་ཚོགས་པས་ཕྱི་ལོ་2018 ཟླ་བ་2 ཚེས་26 ནས་ཟླ་བ་3 ཚེས་4 བར་ཉིན་གྲངས་བདུན་རིང་གོ་སྒྲིག་གནང་བའི་ (ཨ་དཀོན་རིན་པོ་ཆེའི་རྗེས་དྲན་གྱི་ཟས་སྦྱིན་ཁང་) དུ་ཕེབས་ཏེ། དེར་ཡང་ཞལ་ལག་དང་སྔོ་ཚལ་སོགས་ལ་གཟིགས་ཞིབ་དང་ལྷན་གོ་སྒྲིག་པ་སྐུ་ཞབས་Vin Harris ལགས་ཀྱིས་ངོ་སྤྲོད་ཞུས་པ་དེ་དག་ལེགས་པར་གསན་གནང་མཛད། གཞན་ཡང་ཁོང་གིས་གསུངས་དོན་”ཕྱི་ལོ་2003 ནས་བཟུང་སྟེ་ད་བར་ལོ་ངོ་བཅོ་ལྔ་ཙམ་གྱི་རིང་ཉིན་རེ་བཞིན་ཉམ་ཐག་མི་གྲངས་ལྔ་བརྒྱ་ཙམ་ལ་བཀའ་བརྒྱུད་སྨོན་ལམ་གྱི་དུས་ཡུན་རིང་རྒྱུན་དུ་རིན་མེད་ཟས་སྦྱིན་གྱི་གོ་སྒྲིག་བགྱིད་བཞིན་ཡོད་”ཅེས་གསུངས་བྱུང་། དེ་ནས་ཚོགས་མི་ཡོངས་དང་ལྷན་དུ་སྐུ་པར་བསྒྲོན་རྗེས་༧སྐྱབས་རྗེ་རྣམ་གཉིས་Royal Residency གསོལ་མགྲོན་ཁང་དུ་གུང་ཚིགས་ཕྱིར་དད་སྦྱིན་རྣམས་ཀྱིས་གདན་ཞུས་ལྟར་ཕྱིེར་ཕེབས་བསྐྱངས་པའི་གནས་ཚུལ་སྙིང་བསྡུས་སུ།

བསམ་གཏན་མཐར་ཕྱིན་ནས།

 

20180228_Medical Camp

དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གི་བཀའ་བརྒྱུད་སྨོན་ལམ་ཉིན་གཉིས་པའི་བློ་སྦྱོང་ཆིག་ལབ་རིང་མོའི་བཀའ་ཆོས།

ཕྱི་ལོ་ ༢༠༡༨ ཕྱི་ཟླ་ ༢ ཚེས་ ༢༧ བཀའ་བརྒྱུད་སྨོན་ལམ་ཆེན་མོ་སྐབས་སོ་ལྔ་པ། ཚོགས་ཐུན་དང་པོའི་རྗེས་སུ་ཐོག་མར་༸དཔལ་རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་རྒྱ་གླིང་དང་སྤོས་སྣ་བཅས་པའི་སྒོ་ནས་སྨོན་ལམ་གར་སྟེགས་སུ་གང་ཉིད་ཀྱི་བཞུགས་ཁྲིར་གདན་དྲངས། དབུ་མཛད་ཆེན་པོས་མཎྜལ་གྱི་ཞལ་འདོན་དབུ་བཙུགས་པ་དང་། ཕྱི་ནང་གཉིས་ནས་ཕེབས་པའི་དད་ལྡན་སློབ་ཚོགས་བརྒྱ་ཕྲག་ལས་བརྒལ་བ་ཁག་གཅིག་གིས་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་རྗེས་བྱང་སྡོམ་རྒྱུད་འདེབས་ཀྱི་ཞལ་འདོན་མཛད། དེ་ནས་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ཨ་རི་ནས་དྲྭ་རྒྱ་བརྒྱུད་དེ་བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཆེན་པོ་པོ་ཏོ་བས་མཛད་པའི་ཆིག་ལབ་རིང་མོའི་བཀའ་ཆོས་ཉིན་སྔོན་མའི་ཆོས་མཚམས་ནས་མུ་མཐུད་དེ་གསུངས། 

དེ་ཡང་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་ནས་ཐོག་མར་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་མཆོག་དང་སྐྱབས་རྗེ་མི་འགྱུར་རིན་པོ་ཆེ་མཆོག་གི་དབུས་པའི་བཀའ་བརྒྱུད་སྨོན་ལམ་ཉིན་གཉིས་པར་ཕེབས་པའི་སེར་སྐྱ་མི་དམངས་ཡོངས་ལ་འཚམས་འདྲི་གནང་། 

དེ་ནས་ཆིག་ལབ་རིང་མོའི་གཞུང་། "རྫོགས་པའི་སངས་རྒྱས་སྒྲུབ་པ་ཡིན།  སངས་རྒྱས་ལ་དད་པ་ཅན་ཆོས་དོན་དུ་གཉེར་བ་ཡིན།  ཕོ་ཚོད་ཆེ་བ་དང་།  ཕོ་སྒོ་དྲག་པ་དང་།  འདུན་མ་མཁས་པས་སངས་རྒྱས་ལས་ཐག་རིང་དུ་འགྲོ་བ་ཡིན་ཞེས་པ་ནས། ལར་ཆོས་མང་པོ་ཤེས་པའི་ཁ་ན་ཡང་མི་འདུག །གདམས་ངག་ཟབ་མོའི་ཁ་ན་ཡང་མི་འདུག །བླ་མ་བཟང་པོ་གཅིག་དང་མཇལ་ནས་རང་སེམས་ཆོས་སྐུར་འགྲོ་བའི་ཞད་དུ་འདུག" ཅེས་པའི་བར་དུ་བཀའ་ཁྲིད་གནང་བར་མཛད།

 དེའི་སྐབས་སུ་བཀའ་ཁྲིད་ཀྱི་བརྗོད་བྱ་གཙོ་བོ་ནི། བླང་དོར་གྱི་གནས་རྣམས་ཕྱིན་ཅི་མ་ལོག་པར་ལེགས་པར་ཤེས་ཤིང་། ཤེས་ནས་མ་ནོར་བར་ཉམས་སུ་བསྟར་བ་ཡིན་ན་མཁས་པ། དེ་མིན་པར་ཁ་བཤད་མཁས་པ་གཅིག་པུའི་ངང་ནས་མི་ཚེ་རྫོགས་ན་མཁས་པ་མིན་པ་དང་། ལྷག་པར་དུ་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གསུང་གཅིག་ཀྱང་མ་ལུས་པར་ཉམས་སུ་བླང་དགོས་པ་གསུངས་པ་འདི་ལྟར། "འདུལ་བ་ཀཱ་རི་ཀཱ་ནས་བཟུང་དཔལ་གསང་བ་འདུས་པའི་བར་གྱི་ཆོས་ཐམས་ཅད་ཉམས་སུ་ལེན་དགོས་པ་མ་གཏོགས། ཆོས་འགའ་ཉམས་སུ་ལེན་རྒྱུ་དང་། ཆོས་འགའ་ཉམས་སུ་ལེན་མི་དགོས་པ་མེད། དེང་དུས་མི་མང་པོ་ཞིག་ཁྲིད་དང་། གཞུང་ཆུང་ངུ་ཞིག་ལ་མགོ་འཁོར་ནས་འགྲིག་སྣང་བྱ་བཞིན་ཡོད། གལ་ཏེ་དེ་ཙམ་གྱིས་འགྲིག་ན་རྫོགས་པའི་སངས་རྒྱས་ཀྱིས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ལ་དགོས་པ་མེད་། དེས་ན་བྱང་ཆུབ་སྒྲུབ་པ་ལ་གདམས་ངག་སྣ་གཅིག་གིས་འགྲིག་ཐབས་མེད། དཔེར་ན། མགར་བ་རྣམས་ཀྱིས་ཅ་ལག་གཅིག་བཟོ་བར་ལག་ཆ་དུ་མ་ཚང་དགོས་པ་བཞིན། བྱང་ཆུབ་སྒྲུབ་པ་ལའང་ངེས་པར་དུ་དམ་པའི་ཆོས་ཐམས་ཅད་ལ་ཐོས་བསམ་སྒོམ་གསུམ་བྱ་དགོས" ཞེས་གསུངས་སོ། །

དེ་བཞིན་ཆོས་རྣམ་དག་ཅིག་སྒྲུབ་འདོད་ན་ཚོགས་པ་དང་། ཆོས་ལུགས་ནང་ཕན་ཚུན་ཞེན་ཁོག་གིས་འཐེན་འཁྱེར་བྱ་མི་རུང་བ་དང་། གལ་ཏེ་དེ་ལྟར་བྱས་ན་བྱང་སེམས་ཀྱི་རྒྱུ་སྙིང་རྗེ་སོགས་ཚད་མེད་བཞིའི་ཉམས་ལེན་མི་འབྱུང་བ་དང་། ལྷག་པར་དུ་བདག་ཅག་གི་སྟོན་པ་སངས་རྒྱས་རང་གིས་ཞལ་ནས། ཉིད་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཕྱི་རོལ་མུ་སྟེགས་ཀྱིས་འཇིག་མི་ནུས་པར། བསྟན་པ་འཛིན་པ་ནང་ཕན་ཚུན་འཁྲུགས་ནས་འཇིག་པར་འགྱུར་བར་ལུང་བསྟན་པ་ཇི་བཞིན། བསྟན་པ་འཇིག་པའི་རྒྱུར་འགྱུར་བས་ཅིས་ཀྱང་གཟབ་དགོས་པར་གསུངས། 

ཡང་དིང་སང་བསྟན་པ་འཛིན་པར་ཁས་འཆེ་བ་རྣམས་ཕྲག་དོག་དང་འགྲན་སེམས་ཀྱི་སྒོ་ནས་དགོན་པ་དང་ནང་རྟེན་སོགས་གང་ཆེ་ཆེ། གང་རྗིག་རྗིག་བཟོས་ནས་བསྟན་པའི་བྱ་བ་ཡིན་ཞེས་འཆད་པ་རྣམས་བསྟན་པའི་བྱ་བ་དངོས་མིན་པ་དང་། དོན་གྱི་བསྟན་པའི་བྱ་བ་ཡིན་ན་རང་འཁོར་བ་ལས་ཅི་ཐར་བྱ་རྒྱུ་དང་། གང་ཟག་གཞན་ཡང་དེ་ལ་འགོད་ཅི་ནུས་བྱ་བ་དེ་བསྟན་པའི་བྱ་བ་ཡིན་ཚུལ་ཞིབ་རྒྱས་གསུངས།

མི་འགའ་ཤས་ཀྱིས་ཆོས་སྒྲུབ་པ་ལ་རྒྱུ་ནོར་དཔལ་འབྱོར་དགོས་ངེས་ཡིན། དཔལ་འབྱོར་དེ་ལྡན་ན་གཞན་སྦྱིན་བདག་ལ་རེ་མི་དགོས་ཤིང་དེའི་ངོ་སྲུང་མི་དགོས་ཞེས་དང་། མ་ཟད་དཔལ་འབྱོར་དེ་ཡོད་ན་མ་ཤི་བར་དུ་ལོངས་སུ་སྤྱད། ཤི་བའི་རྗེས་གཞན་གྱིས་འཁྱེར་ནའང་ཁྱད་པར་ཅི་ཡང་མེད་ཅེས་བཤད་པ་རྣམས་ནི་ཚེ་ཕྱི་མ་མི་དྲན་པའི་འཇིག་རྟེན་པ་ངོ་མ་ཞིག་ཡིན་པ་དང་། རང་གིས་རང་ལ་མགོ་སྐོར་བཏང་བ་ཡིན་ཚུལ་སྐོར་རྒྱས་པར་གསུངས་ནས་བཀའ་བརྒྱུད་སྨོན་ལམ་ཉིན་གཉིས་པའི་ཆིག་ལབ་རིང་མོའི་བཀའ་ཆོས་རེ་ཞིག་མཚམས་བཞག་པར་མཛད་དོ། །

བཀའ་ཆོས་ཀྱི་མཇུག་ཏུ་༸རྒྱལ་དབང་ཡིད་བཞིན་ནོར་བུ་མཆོག་གིས་བཀའ་བརྒྱུད་སྨོན་ལམ་དང་འབྲེལ་བའི་བཀའ་སློབ་གནད་བསྡུས་སྩལ་དོན། ད་ལན་བཀའ་བརྒྱུད་སྨོན་ལམ་ཐེངས་སོ་ལྔ་པའི་སྐབས་སུ་༸རྒྱལ་དབང་མཆོག་སྐུ་དངོས་རྒྱང་རིང་པོ་ན་བཞུགས་པར་བརྟེན་ཕེབས་མ་ཐུབ་མོད། འོན་ཀྱང་ཐུགས་དེ་ཉིད་སྨོན་ལམ་རང་ལ་བཞུགས་ཡོད་པ་དང་། དེ་བཞིན་དད་ལྡན་སློབ་ཚོགས་སྐྱ་སེར་ཕོ་མོ་མང་པོ་ཞིག་ཕེབས་ཡོད་པས་དེ་ནི་ཆེས་ཡི་རང་བའི་གནས་ཡིན་པ་དང་།  མ་གཏོགས་༸རྒྱལ་དབང་མཆོག་ཕེབས་ན་བཀའ་བརྒྱུད་སྨོན་ལམ་ལ་བཅར་བ་དང་། ༸རྒྱལ་དབང་མཆོག་མ་ཕེབས་ན་སྨོན་ལམ་ལ་ཡོང་གི་མིན་ཞེས་པ་ནི། ཕྱོགས་གཅིག་ནས་ཡག་པོ་ཡིན་མོད། ཕྱོགས་གཞན་ནས་ཡག་པོ་ཞིག་མིན་པར་གསུངས་ཏེ། དེ་ཡང་གལ་ཏེ་དེ་ལྟར་བྱས་ན་ཆོས་བསྒྲུབ་རྒྱུ་དེ་༸རྒྱལ་དབང་མཆོག་གི་ངོ་སྲུང་བའི་སླད་ཙམ་ཞིག་སྒྲུབ་པ་ལྟ་བུ་འགྱུར། ད་ལན་དེ་ལྟར་མིན་པར་སོ་སོའི་ངོས་ནས་རང་དོན་རང་གཅེས་ཀྱི་ཚང་མ་བཀའ་བརྒྱུད་སྨོན་ལམ་ཆེན་མོར་ཕེབས་པ་དེ་ལ་༸རྒྱལ་དབང་མཆོག་ཤིན་ཏུ་ཐུགས་མཉེས་པོ་བྱུང་ཚུལ་གསུངས། 

སྤྱིར་བཀའ་བརྒྱུད་སྨོན་ལམ་ཆེན་མོ་དེ་ཉིད་༸རྒྱལ་དབང་མཆོག་སྐུ་སྒེར་གྱི་ཕྱག་ལས་གནང་ས་ཙམ་ཞིག་མིན་པས། ཐོག་མར་སྐྱབས་རྗེ་ཀ་ལུ་རིན་པོ་ཆེ་སྐུ་གོང་མ་དང་། སྐྱབས་རྗེ་འབོ་རིན་པོ་ཆེ་སྐུ་གོང་མ་གཉིས་ཀྱིས་དབུ་བཙུགས་པ་དང་། དེ་ཉིད་མི་རབས་ནས་མི་རབས་མུ་མཐུད་ནས་གནས་དགོས་ཤིང་། དེ་ཡང་ལམ་ལུགས་སྲོལ་ཙམ་ཞིག་མིན་པར་མི་ཚང་མའི་སེམས་ནང་དུ་འགྲོ་བ་སེམས་ཅན་གཞན་གྱི་དོན་བྱ་བའི་སྙིང་སྟོབས་གོང་ནས་གོང་དུ་སྤེལ་ཐུབ་པ་ཞིག་དགོས་པ་དང་། 

དཔེར་ན། བྱང་ཆུབ་སེམས་དཔའ་ཞེས་དཔའ་ནི་དཔའ་བོ་ཞེས་པའི་དོན་དང་། གང་ལ་དཔའ་བ་ནི་སེམས་ཅན་གྱི་དོན་སྒྲུབ་པ་ལ་དཔའ་བ་ཡིན་པ་དང་། སེམས་ཅན་གྱི་དོན་སྒྲུབ་པ་དེའང་སྤྱིར་ཆེས་ཤིན་ཏུ་དཀའ་བའི་གནས་ཡིན་ཞིང་། གནས་སྐབས་གཞན་གྱི་དོན་ཙམ་ཡང་ཆེས་དཀའ་བ་ཡིན་པས། མཐར་ཐུག་སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པ་ཤིན་ཏུ་དཀའ་བ་ཡིན་པ་སྨོས་ཅི་དགོས། དེས་ན་དེ་ལྟ་བུའི་སེམས་ཅན་གཞན་གྱི་གནས་སྐབས་དང་མཐར་ཐུག་གཉིས་ཀྱི་དོན་སྒྲུབ་པ་ལ་སྙིང་སྟོབས་ཆེས་འགྲན་ཟླ་དང་བྲལ་བ་ཞིག་ཅིས་ཀྱང་དགོས་ངེས་ཡིན། དེ་ཡང་རྒྱུ་མེད་རྐྱེན་མེད་ལ་བརྟེན་ནས་བྱུང་བ་མིན་པར་རྒྱུ་ཕུན་སུམ་ཚོགས་པ་ལ་བརྟེན་ནས་སྒྲུབ་དགོས་པས། རྒྱུ་ནི་སྔར་བླ་མ་གོང་མ་རྣམས་ཀྱིས་སྙིང་སྟོབས་ཆེན་པོའི་སྒོ་ནས་ཐུགས་ཇི་ལྟར་བསྐྱེད་པ་དང་། སྨོན་ལམ་བཏབ་ཚུལ་རྣམས་སྨོན་ལམ་གྱི་ཞལ་འདོན་གནང་ཚེ་རེ་རེ་མཇལ་ནས་རང་ཡང་དེ་ལྟར་བསླབ་དགོས་པ་སོགས་བཀའ་སློབ་ཆེས་ཟབ་ཅིང་ཤིན་ཏུ་གནད་བསྡུས་པ་སྩལ། དེ་རྗེས་༸སྐྱབས་མགོན་རྒྱལ་བའི་རྒྱལ་ཚབ་མཆོག་ནས་གཤིན་གསོན་གཉིས་ཀྱི་བསྔོ་བ་མཛད་ཅིང་མཐར་འདུས་པ་ཡོངས་ནས་སྨོན་ལམ་འགྲུབ་པའི་གཟུངས་དང་བསྟན་རྒྱས་སྨོན་ལམ་གྱི་ཞལ་འདོན་གནང་ནས་བཀའ་བརྒྱུད་སྨོན་ལམ་ཉིན་གཉིས་པའི་སྔ་དྲོའི་ཆོས་ཐུན་གྲོལ་ལོ། །

གསར་འགྱུར་གྱི་ཚུལ་དུ་གངས་ལ་ཉི་ཤར་ནས། 

20180227_Monlam Day2_Teaching On Potowa`s Long Soliloquy

སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེ་མཆོག་ནས་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་སྩལ་བ།

 

ཕྱི་ལོ་ ༢༠༡༨ ཟླ་ ༢ ཚེས་ ༢༦ ཉིན་སྔ་དྲོ་འཁོར་ལོའི་དུས་ཚོད་དྲུག་པའི་ཐོག་༸སྐྱབས་རྗེ་རྒྱལ་བའི་རྒྱལ་ཚབ་རིན་པོ་ཆེ་མཆོག་བཞུགས་གནས་གཏེར་སྒར་དགོན་ནས་དུང་རྒྱ་སྤོས་སྣེས་སྤྱན་འདྲེན་གྱིས་སྨོན་ལམ་ཆོས་རར་ཞབས་པད་གསེར་གྱི་རེ་ཁཱ་མངོན་པར་བཀོད་དེ་བཞུགས་ཁྲིར་འཁོད་རྟིང་།  ༸སྐྱབས་རྗེ་མི་འགྱུར་རིན་པོ་ཆེས་དབུས་བླ་སྤྲུལ་མཁན་སློབ་དགེ་འདུན་འདུས་པ་རྒྱ་མཚོ་དང་ཚོགས་ཞུགས་ཁྱིམ་པ་ཕོ་མོ་ཀུན་ལ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་འབོགས་པར་མཛད།  དེ་ཡང་གསོ་སྦྱོང་ཞེས་པ་ནི་དགེ་བ་གསོ་ཞིང་སྡིག་པ་སྦྱོང་བའི་དོན་སྟེ།  ཇི་སྐད་དུ། སྡིག་པ་གསོ་ཞིང་དགེ་བ་སྦྱོང་བ་སྟེ། དེ་ཕྱིར་གསོ་སྦྱོང་ཞེས་ནི་མཚན་གསོལ་ཏོ། །ཞེས་གསུངས་པ་ལྟར་ཡིན་ཅིང་། གསོ་སྦྱོང་གི་སྡོམ་པ་མནོས་རྗེས་བསྙེན་གནས་ཉིན་ཞག་ཅིག་གི་སྡོམ་པ་ལྟར་གསོ་སྦྱོང་གི་སྡོམ་པ་ཉིན་ལྟར་ཐོབ་རིམ་བཞིན་སྐྱ་སེར་ཕོ་མོ་སུ་རུང་ནས་ཕྱི་དྲོའི་ཁ་ཟས་སོགས་སྤང་བྱ་རྣམས་ངེས་པར་སྤོང་དགོས་པ་ཙམ་མ་ཟད།  སྤང་བླང་གི་གནས་ལ་དྲན་ཤེས་བག་ཡོད་ཚུལ་བཞིན་བསྟེན་དགོས་པ་ཤིན་ཏུ་གཅེས། 

20180226_Monlam Day1_Opening,Sojong,Statistics