KM-banner1.jpg
KM-banner10.jpg
KM-banner11.jpg
KM-banner12.jpg
KM-banner13.jpg
KM-banner14.jpg
KM-banner15.jpg
KM-banner16.jpg
KM-banner25.jpg
KM-banner24.jpg
KM-banner23.jpg
KM-banner22.jpg
KM-banner21.jpg
KM-banner20.jpg
KM-banner2.jpg
KM-banner19.jpg
KM-banner17.jpg
KM-banner18.jpg
KM-banner26.jpg
KM-banner27.jpg
KM-banner28.jpg
KM-banner29.jpg
KM-banner3.jpg
KM-banner30.jpg
KM-banner31.jpg
KM-banner4.jpg
KM-banner5.jpg
KM-banner6.jpg
KM-banner9.jpg
KM-banner8.jpg
KM-banner7.jpg
Shadow

བཀའ་བརྒྱུད་སྨོན་ལམ་སྐབས་སོ་བཞི་པའི་གཏོར་མའི་སྐོར།

དེ་ཡང་དཔལ་༸རྒྱལ་དབང་ཀརྨ་མཆོག་གིས་བཀའ་བརྒྱུད་སྨོན་ལམ་གྱི་ཐུགས་འགན་ཐོག་མར་བཞེས་སྐབས། རང་རེ་སྒྲུབབརྒྱུད་པ་ཀུན་གྱི་མེས་པོ་རྗེ་མར་མི་དྭགས་གསུམ་གྱི་སྣང་བརྙན་གཏོར་མའི་གཟུགས་སུ་ཐོག་མར་བཞེངས་སྐྲུན་མཛད་པ་ནས་བཟུང་ལོ་རེ་བཞིན་བཀའ་བརྒྱུད་སྨོན་ལམ་སོ་སོར་བསྟན་འགྲོར་མཛད་རྗེས་ཆེས་ཆེ་བའི་གངས་ལྗོངས་སྐྱེས་ཆེན་རྣམས་ཀྱི་སྐུ་བརྙན་དང་ཡི་དམ་ཆོས་སྲུང་ཁག་གི་སྐུ་བརྙན་གཏོར་མའི་ནང་བཞེངས་པའི་ལམ་སྲོལ་གསར་གཏོད་མཛད་པའི་རྒྱུན་མུ་མཐུད་ད་བར་སྐྱོང་བ་ལྟར། འདི་ལོ་ཡང་གཏོོར་མ་ཆེ་ཆུང་འཚམས་པ་བཞི་བཞི་ཕྱོགས་ཕན་ཚུན་དུ་སྒྲིག་སྟེ་དེ་དག་གི་སྟེང་ཀརྨ་པ་སྐུ་རབས་བརྒྱད་ཀྱི་སྣང་བརྙན་བཅས་ཡོད། དེ་ལྟར་བཅའ་བའི་དགོས་དོན་ནི། འདི་ལོ་གསུང་ཆོས་ཀྱང་ཕྱག་ཆེན་ངེས་དོན་སྒྲོན་མེ་ལས་བླ་མའི་རྣལ་འབྱོར་གྱི་བཀའ་ཁྲིད་སྩལ་པ་དང་། དེ་བཞིན་རྗེ་བརྒྱད་པ་མི་བསྐྱོད་རྡོ་རྗེས་མཛད་པའི་ཐུན་བཞི་བླ་མའི་བཀའ་ཁྲིད་ཀྱང་ཆབས་ཅིག་ཏུ་སྩལ་བར་བརྟེན། དེ་དང་འབྲེལ་མཚུངས་པ་ཙམ་མ་ཟད་ཐུན་བཞི་བླ་མའི་རྣལ་འབྱོར་གྱི་གསོལ་འདེབས་འདོན་སྐབས་གསོལ་བ་འདེབས་ཡུལ་ཀརྨ་པ་སྐུ་རབས་བརྒྱད་པོ་རྣམས་གཙོ་བོ་ཡིན། དེས་ན་གསུང་ཆོས་དང་གཏོར་མའི་དབར་ཕན་ཚུན་འབྲེལ་བ་མཚོན་ཞིང་། དེ་བཞིན་ཞབས་སུ་རྒྱ་གར་གྱི་ལྷ་བཞི་དང་། བོད་ཀྱི་གཉན་ཆེན་པོ་བཞིའི་འདྲ་བརྙན་བཅོས་ཡོད། དེ་ཡང་རྒྱ་གར་གྱི་ལྷ་བཞི་ནི་རྒྱལ་ཆེན་སྡེ་བཞི་སྟེ། ཤར་ཕྱོགས་སུ་ཡུལ་འཁོར་སྲུང་། ལྷོར་འཕགས་སྐྱེས་པོ། ནུབ་ཏུ་སྤྱན་མི་བཟང་། བྱང་དུ་རྣམ་ཐོས་སྲས་ཏེ་བཞིའི་འདྲ་བརྙན་དང་། སྤྱིར་བོད་དུ་ས་བདག་ཀླུ་གཉན་ས་ཡ་དུ་མར་མཆིས་པ་ལས། དེ་དག་གི་ཁྲོད་ལས་ཆེས་བཀའ་གཉན་པ་གཉན་ཆེན་པོ་བཞི་སྟེ། ཤར་ཕྱོགས་ཀྱི་གཉན་ཆེན་པོ་རྨ་རྒྱལ་སྤོམ་ར། ལྷོ་ཡི་དམག་དཔོན་གཡུལ་རྒྱལ། ནུབ་ཀྱི་གཉན་ཆེན་ཐང་ལྷ། བྱང་གི་སྒྱོགས་ཆེན་གདོང་རལ་ཏེ་བོད་ཀྱི་གཉན་ཆེན་པོ་བཞིའི་འདྲ་བརྙན་ཡང་བཅོས་ཡོད། བསྟན་འཛིན་རྣམ་རྒྱལ་ནས།

དགེ་བཤེས་པོ་ཏོ་བའི་ཆིག་ལབ་རིང་མོའི་བཀའ་ཆོས་ཉིན་དང་པོ།

ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༣ ཉིན་བཀའ་བརྒྱུད་སྨོན་ལམ་ཆེན་མོ་ཐེངས་སོ་བཞི་པའི་སྐབས། དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས། མཉམ་མེད་ཇོ་བོ་རྗེས་སྡེ་སྣོད་ཐམས་ཅད་ཀྱི་སྙིང་པོ་མ་ལུས་བསྡུས་ནས་སྐྱེས་བུ་རབ་འབྲིང་མཐའ་གསུམ་གྱི་ཉམས་ལེན་གྱི་གནད་བསྡུས་གསུངས་པ་རེད། དེ་ཡང་སྐྱེས་བུ་རབ་འབྲིང་ཐ་གསུམ་ནི་ཆོས་ཉམས་སུ་ལེན་པའི་གང་ཟག་གི་ཆུ་ཚད་ལ་མཐོ་དམན་འབྲིང་གསུམ་ཡོད་པས་སོ། དེ་ལས་རིམ་པ་དམའ་ཤོས་ཀྱི་ཚད་གཞི་ནི། ཕྱི་མ་ངན་སོང་གི་སྡུག་བསྔལ་ལ་འཇིགས་ཏེ་ཆོས་ཉམས་སུ་ལེན་པའི་སྐྱེས་བུ་ཞིག་ཡིན། དེ་ནི་ཆོས་སྒྲུབ་མཁན་དམའ་ཤོས་ཤིག་ཡིན་མོད། དེང་གི་དུས་ཆུ་ཚད་དེར་སླེབས་པའང་ཤིན་ཏུ་དཀོན་པ་ཡིན། དེལའང་ངན་སོང་གི་སྡུག་བསྔལ་ལ་འཇིགས་པ་ལ་དེ་ཉིད་བློར་དྲན་དགོས། དེ་བློར་མ་ཤར་ན་དེར་བློ་ལོག་པ་དཀའ། ངན་སོང་གི་སྡུག་བསྔལ་ཡང་དྲན་པ་ཙམ་གྱིས་མི་ཆོག་པར་ལས་འབྲས་ལ་ངེས་ཤེས་གཏིང་ཚུགས་པ་ཞིག་སྐྱེ་དགོས། ད་ལྟ་རྒྱུ་འབྲས་ཀྱི་རྣམ་གཞག་ལེགས་པར་ཤེས་ནས་ལས་འབྲས་ལ་ཡིད་ཆེས་པའི་སྒོ་ནས་སྤང་བླང་ཚུལ་བཞིན་དུ་བྱེད་པའང་མེད། དེ་ལྟར་དགེ་བ་སྣ་གཅིག་ཀྱང་མི་བྱ་བར་མི་དགེ་བ་ཁོ་ན་གསོག་པ་ནི་སེམས་ཅན་རྣམས་ཚོགས་མི་བསགས་པ་དང་ལས་ངན་པ་ཡིན་པར་གསུངས།
སྤྱིར་དེང་གི་དུས་ཆོས་པ་འགས་ཐོག་མར་བླ་མ་དགེ་བའི་བཤེས་གཉེན་གྱི་དྲུང་དུ་སྐྱབས་འགྲོ་དང་སེམས་བསྐྱེད་ཞུས། ཕྱིས་སུ་དེ་དག་གི་དྲུང་ནས་ཚེ་འདིར་མཁོ་དགུའི་དཔལ་འབྱོར་དུ་མ་ཞིག་མ་ཐོབ་ན་དེ་བདག་གི་སློབ་དཔོན་མིན་ཞེས་བརྗོད། གང་ཡིན་ཞེ་ན། དྲང་པོར་བརྗོད་པས་མི་གཞན་རྣམས་ཀྱིས་འཕྱ་བར་བྱེད་འོང་སྙམ། ཡང་དེང་གིས་དུས་མི་འགའ་ཞིག་ལ་དེ་ཁྱོད་ཀྱིས་སློབ་དཔོན་མིན་ནམ་ཞེས་འདྲི་ན། མིན་ཏེ་འོན་ཀྱང་ངས་སྔོན་སྐྱབས་འགྲོ་དང་སེམས་བསྐྱེད་ཙམ་ཞིག་ཞུས་ཟེར། དེ་ནི་ཤིན་ཏུ་ཡ་ང་བའི་གཏམ་ཞིག་ཡིན། གང་ཡིན་ཞེ་ན། སྐྱབས་འགྲོ་དང་སེམས་བསྐྱེད་ནི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པར་མ་ཤེས་པའི་སྐྱོན་ཡིན། དེ་གཉིས་ཆོས་མ་ཡིན་པ་ལྟ་བུ་བྱེད་པ་ནི་ཡང་དག་པ་ཞིག་མིན། ཡང་མི་འགའ་ཞིག་གིས་བླ་མའི་དྲུང་ནས་ཆོས་ཞུ་རྒྱུ་ཡིན། འོན་ཀྱང་མི་གཞན་ལ་མ་བཤད་ཅེས་མནའ་སྐྱེལ་དམ་བཅའ་བྱེད་དུ་འཇུག །དེ་ནི་སྙིགས་མ་ལྔ་བདོའི་དུས་ཀྱི་བླ་སློབ་ཀྱི་འབྲེལ་བ་དེ་སྙིང་བརྩེ་བའི་ཡུལ་དུ་གྱུར་པ་ཞིག་གོ
དེ་ལྟར་མ་ཡིན་པར་ཆོས་ལས་གསུངས་པ་བཞིན་རང་གིས་ཉམས་སུ་ལེན་ན་དགེ་བའི་བཤེས་གཉེན་བསྟེན་པ་ལས་གནད་ཆེ་བ་ཞིག་མེད། དཔེར་ན། འཇིག་རྟེན་པས་བག་མ་ཞིག་བསུས་པ་ཡིན་ཡང་དེའི་སྔོན་རོལ་ཏུ་ཕ་མ་སུ་ཡིན་པ་དང་། འདས་པའི་ལོ་རྒྱུས་ཇི་ལྟར་ཡིན་པ་བརྟགས་པ་དང་། ཡང་རྟ་ཞིག་ཉོས་ཀྱང་སོ་དང་རྒྱབ་མདུན་ཡོངས་སུ་རྫོགས་པ་བརྟགས་པ་བཞིན། བླ་མ་དགེ་བའི་བཤེས་གཉེན་ནི། བདག་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མགོན་སྐྱབས་བླ་ན་མེད་པ་ཞིག་ཡིན་པས་ཤིན་ཏུ་གནད་ཆེ་བ་ཞིག་ཡིན། དེས་ན་དང་པོར་བླ་མ་དེ་ཉིད་མཚན་ཉིད་དང་ལྡན་པ་ཡིན་མིན་ལེགས་པར་བརྟགས་ནས་ཆོས་ཞུ་དགོས། དེ་ལྟར་མ་བརྟགས་པར་རིག་ཚད་བསྟེན་ན་བླ་མས་སློབ་མ་བསླུ་བར་བྱེད། བླ་མས་བསླུ་བ་དེ་ཕྱོགས་གཅིག་ནས་བླ་མའི་སྐྱོན་དང་ཕྱོགས་གཅིག་ནས་སློབ་མས་བླུན་དད་བྱས་པའི་སྐྱོན་ཡིན། དེས་ན་སློབ་མས་བླུན་དད་བྱ་བར་མི་རིགས་སོ།
 གོང་ཞུས་བཞིན་བླ་མའི་སྐུ་གསུང་ཐུགས་ལ་ལེགས་པར་བརྟགས་ཤིང་དཔྱད་ནས་ཡིད་ཆེས་གཏིང་ཚུགས་པ་ཞིག་བྱུང་ན་སུས་ཀྱང་ཟློག་ཏུ་མེད་པའི་དད་པ་ཞིག་སྐྱེས། དེ་ལྟའི་དད་པ་ཞིག་མ་སྐྱེས་བར་མོས་གུས་སྒོམ་གྱི་ཡོད་བླ་མ་སྒྲུབ་ཀྱི་ཡོད་ཅེས་པ་ནི་རྫུན་ཡིན། བླ་མ་མཚན་ཉིད་དང་ལྡན་པ་ཞིག་ཡིན་ན་སྒྲུབ་མི་དགོས་པར་གྲུབ་གྲུབ་པ་ཡིན། གང་ཡིན་ཞེ་ན། རྟག་ཏུ་དེའི་ཐུགས་རྗེ་བྱིན་རླབས་ཀྱིས་ཁྱབ་ནས་ཡོད་ཅེས་གསུངས།

བླ་མ་སྒྲུབ་པ་དང་བླ་མ་མཆོད་པ་ཞེས་པ་ནི་བླ་མ་ཐུགས་མཉེས་པའི་སླད་དུ་ཡིན། བླ་མའི་ཐུགས་མཉེས་པར་བྱེད་པ་ལ་སྡོམ་པ་གསུམ་གྱི་ཉམས་ལེན་ཚུལ་བཞིན་དུ་བྱེད་པ་དེ་ཡིན། བླ་མ་དེ་གསང་བ་སྔགས་ཀྱི་ནང་དུ་དཀྱིལ་འཁོར་གྱི་གཙོ་བོ་ཡིན་པ་དབང་བཞི་ལས་གསུངས་ཡོད། དིང་སང་ནི་རང་བཟོ་ཁོ་ན་བགྱིས་ཏེ་རྒྱུད་སྡེ་ནས་གསུངས་པ་ཇི་བཞིན་མིན་པར་རང་གི་བླ་མ་དེའི་མཚན་སྔགས་ཨོཾ་བཛྲ་བཀྲ་ཤིས་ཞེས་པ་ལྟ་བུ་ཞིག་གསོག་པར་བྱེད། དེ་ནི་ཡང་དག་པ་ཞིག་དང་ལེགས་པོ་ཞིག་མིན་པའི་རྟགས་མཚན་ཡིན། བླ་མས་སློབ་དགོས་རྒྱུ་སེམས་རྒྱུད་ལ་ཕན་པའི་ཆོས་དང་སྡོམ་པ་གསུམ་གྱི་ཉམས་ལེན་རྣམས་མི་སློབ་པར་བླ་མ་རྡོ་རྗེ་འཆང་ཡིན་ཞེས་པ་ལྟ་བུ་རྫུན་ཁོ་ན་བཤད་ན་དེ་ཡང་དག་པ་ཡིན་ཞེས་བརྗོད་མི་ནུས།
པོ་ཏོ་བ་ཁོ་བོས་ནི་སྔར་ནས་ད་བར་བླ་མ་མཚན་ཉིད་དང་ལྡན་པ་མ་གཏོགས་བསྟེན་མྱོང་མེད། དེ་ལྟར་བསྟེན་པའི་བླ་མ་དེ་དག་རྣམས་ལས་ཞུས་པའི་ཆོས་མཐའ་དག་རང་རྒྱུད་ཀྱི་ཉོན་མོངས་འདུལ་བའི་ཐབས་སུ་སྤུངས་པ་ལས་ཁ་བཤད་ཁོ་ནའི་ཕྱིར་དུ་བཞག་པ་མེད་ཅེས་གསུངས། དེས་ན་ཆོས་བཤད་པ་དང་གོ་བ་ཙམ་གྱིས་མི་ཕན་པར་སོ་སོའི་རྒྱུད་ལ་སྦྱོར་བ་དང་སེམས་རྒྱུད་དང་འབྲེལ་བ་བྱ་རྒྱུ་ནི་ཤིན་ཏུ་གནད་ཆེ། ཆོས་རྒྱུད་ལ་སྦྱོར་ཞེས་པའི་དོན་ནི། ཆོས་ནས་ཇི་ལྟར་གསུངས་པ་ལག་ལེན་ཚུལ་བཞིན་དུ་བསྟར་རྒྱུ་དེ་ཡིན།  ཞེས་བཀའ་སྩལ་ཏོ། ། 
ཀརྨ་ཚེ་རིང་ནས་ཕབ།

བཀའ་བརྒྱུད་སྨོན་ལམ་ཉིན་དང་པོའི་གསོ་སྦྱོང་།

ཕྱི་ལོ་ ༢༠༡༧ ཟླ་ ༢ ཚེས་ ༡༣ ཉིན་ཞོགས་པ་འཁོར་ལོའི་དུས་ཚོད་དྲུག་པའི་ཐོག་སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་མངའ་བདག་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་བཞུགས་གནས་གཏེར་སྒར་དགོན་ནས་དུང་རྒྱ་སྤོས་སྣེས་སྤྱན་འདྲེན་གྱིས་སྨོན་ལམ་ཆོས་རར་ཞབས་པད་གསེར་གྱི་རེ་ཁཱ་མངོན་པར་བཀོད་དེ་བཞུགས་ཁྲིར་འཁོད་རྟིང་།   ༸སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེས་དབུས་བླ་སྤྲུལ་མཁན་སློབ་དགེ་འདུན་འདུས་པ་རྒྱ་མཚོ་དང་ཚོགས་ཞུགས་ཁྱིམ་པ་ཕོ་མོ་ཀུན་ལ་ཐེག་ཆེན་གསོ་སྦྱོང་གི་སྡོམ་པ་འབོགས་པར་མཛད། 
དེ་ཡང་གསོ་སྦྱོང་ཞེས་པ་ནི་དགེ་བ་གསོ་ཞིང་སྡིག་པ་སྦྱོང་བའི་དོན་སྟེ།   ཇི་སྐད་དུ།  སྡིག་པ་གསོ་ཞིང་དགེ་བ་སྦྱོང་བ་སྟེ།  དེ་ཕྱིར་གསོ་སྦྱོང་ཞེས་ནི་མཚན་གསོལ་ཏོ།  ཞེས་གསུངས་པ་ལྟར་ཡིན་ཅིང་།  གསོ་སྦྱོང་གི་སྡོམ་པ་མནོས་རྗེས་བསྙེན་གནས་ཉིན་ཞག་ཅིག་གི་སྡོམ་པ་ལྟར་གསོ་སྦྱོང་གི་སྡོམ་པ་ཐོབ་རིམ་བཞིན་སྐྱ་སེར་ཕོ་མོ་སུ་རུང་ནས་ཕྱི་དྲོའི་ཁ་ཟས་སོགས་སྤང་བྱ་རྣམས་ངེས་པར་སྤོང་དགོས་པ་ཙམ་མ་ཟད།  སྤང་བླང་གི་གནས་ལ་དྲན་ཤེས་བག་ཡོད་ཚུལ་བཞིན་བསྟེན་དགོས་པ་ཡིན། 

ཀ) བཀའ་བརྒྱུད་སྨོན་ལམ་སྐབས་སོ་བཞི་པའི་བྱོན་ལེགས་ཀྱི་རྒྱལ་སྒོའི་སྐོར།
དེ་ཡང་བཀའ་བརྒྱུད་སྨོན་ལམ་སྐབས་སོ་བཞི་པའི་བྱོན་ལེགས་ཀྱི་རྒྱལ་སྒོ་ནི་དེ་ཙམ་སྤྲོས་པ་མི་ཆེ་ཡང་མཚོན་དོན་གལ་ཆེ་མངོན་པར་སེམས་ཏེ།  དེ་ཡང་བྱོན་པ་ལེགས་ཞེས་པའི་ཡིག་འབྲུའི་ཀླད་དུ་བཀའ་བརྒྱུད་སྨོན་ལམ་གྱི་ལས་རྟགས་འདིས་སྣོད་བཅུད་གཉིས་ཕན་ཚུན་གཅིག་ལ་གཅིག་བརྟེན་གྱིས་བློས་མི་གཏོང་བར་ལག་གདང་དམ་པོར་སྦྲེལ་དགོས་ཚུལ་གྱི་ལམ་སྟོན་མཚོན།  དེ་བཞིན་རྒྱལ་སྒོའི་ཀླད་དུ་རས་གཞི་མཐིང་ནག་དར་ལྕེའི་གཟུགས་སུ་བཅངས་པའི་དབུས་སུ་སྒྲིབ་སྦྱོང་གི་གཟུངས་སྔགས་ཨོཾཔདྨོཥྞཱིཤབིམལེཧཱུྃཕཊ ཞེས་པའི་གཟུངས་སྔགས་འདི་ཉིད་ཀྱི་འོག་ཏུ་ལན་གཅིག་འཛུལ་བས་བསྐལ་པ་སྟོང་དུ་བསགས་པའི་སྡིག་སྒྲིབ་མ་ལུས་དག་པར་ས་སྙིང་འཁོར་ལོ་བཅུ་པའི་མདོ་ལས་གསུངས་པའི་དགོས་པ་ཁྱད་པར་ཅན་ལ་དགོངས་ཏེ་རྒྱལ་སྒོ་འདིའི་འོག་ཏུ་ཞུགས་ཏེ་བཀའ་བརྒྱུད་སྨོན་ལམ་ལ་ཕེབས་མི་ཡོངས་ཀྱི་སྡིག་སྒྲིབ་སྦྱོང་ཕྱིར་ཆེད་དུ་གཉེར་ཏེ་དཔྱངས་པ་ཞིག་ཡིན་པས་ཀུན་གྱིས་ཐུགས་སུ་ཆུབ་པར་བྱ་རྒྱུ་འགངས་ཆེ་བ་དང་། གཞན་ཡང་མཐུན་པ་སྤུན་བཞིིའི་འདྲ་རིས་བཀོད་པ་ནི་གྲུབ་མཐའ་སྣ་ཚོགས་པའི་རྗེས་འཇུག་མ་ལུས་ཕན་ཚུན་ཕུ་ནུ་བཞིན་དུ་མཛའ་ཞིང་མཐུན་པའི་དཔལ་ལ་  གནས་ཏེ་གནའ་རབས་རྫོགས་ལྡན་གྱི་དུས་བཞིན་དུ་འཇིག་རྟེན་ཐ་གྲུ་ཀུན་ཏུ་ཞི་བདེའི་དཔལ་གྱིས་ཡུན་དུ་གནས་པར་མཚོན་པའི་སླད་དུ་ཡིན།

ཁ)བཀའ་བརྒྱུད་སྨོན་ལམ་གྱི་དབུ་གུར་གྱི་སྐོོར།
རྒྱ་གར་ལེགས་སྦྱར་སྐད་དུ།  ཛམྦུ་དཱིཔ་ཨ་ལངྐཱར་མཧཱ་པཎྜལ་ཞེས་མཚན་ཐོགས།  གུར་དེ་དག་གི་དབུས་སུ་རྒྱལ་དབང་མཆོག་གི་དབུ་གུར་རིན་ཆེན་དང་པོའི་མདོག་ལྡན་ནམ་མཁའ་བཀྲ་ཤིས་དང་གཡས་ཕྱོགས་སུ་མགོན་ཁང་བདུད་དཔུང་ཟིལ་གནོན།  གཡོན་ཕྱོགས་སུ་སྐྱབས་རྗེ་རྒྱལ་ཚབ་རིན་པོ་ཆེའི་དབུ་གུར་རྒྱ་མཚོ་བཀྲ་ཤིས།  དེ་བཞིན་རྒྱལ་བའི་དབུ་གུར་གྱི་ཕྱོགས་བཞི་ལ་ཡོད་པའི་གུར་བཞིའི་མིང་ལ་འདོད་དགུ་འཁྱིལ་བ་ཞེས་ཐོགས།  དབུ་གུར་དེ་དག་ཀྱང་གླིང་ཚོ་གསུམ་དུ་བགོས་ཡོད་དེ་སྟུག་པོ་བཀོད་དང་། པདྨོ་བཀོད་གཉིས་རབ་བྱུང་གི་བཞུགས་གནས་དང་།  གཡུ་ལོ་བཀོད་བཙུན་མ་རྣམས་ཀྱི་བཞུགས་གནས་ཡིན།  དབུ་གུར་སོ་སོའི་མཚན་དེ་དག་ཐམས་ཅད་༸རྒྱལ་དབང་མཆོག་ནས་དབུ་གུར་གྱི་ལམ་སྲོལ་ཐོག་མར་དབུ་ཚུགས་སྐབས་སྩལ་བ་ཡིན།
བསྟན་འཛིན་རྣམ་རྒྱལ་ནས།

སྨོན་ལམ་ཉིན་དང་པོའི་བཀའ་སློབ།


ཕྱི་ལོ་༢༠༡༧ ཟླ་༢ ཚེས་༡༣ ཉིན་སྔ་དྲོ་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་གིས་སྔ་དྲོ་ཐེག་ཆེན་གསོ་སྦྱོང་སྐབས་བཀའ་སྩལ་དོན།
སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་ཐེག་པ་ཆེན་པོའི་གསོ་སྦྱོང་གསན་འཚལ། དུས་རྒྱུན་བཀའ་བརྒྱུད་སྨོན་ལམ་སྐབས་ཐེག་ཆེན་གསོ་སྦྱོང་བྱེད་ཀྱི་ཡོད། དེ་རིང་ཡང་ཐེག་ཆེན་གསོ་སྦྱོང་བྱེད་པའི་དུས་ལ་བབ་པ་ཡིན། དེ་ནི་དགེ་སློང་རྣམས་ཀྱིས་ངེས་པར་དུ་ལེན་དགོས། གཞན་དགེ་བསྙེན་དང་དགེ་ཚུལ་རྣམས་ཀྱིས་ལེན་མི་ལེན་འདོད་པ་ཡིན། པུས་མོ་འཛུགས་ཐུབ་མཁན་ཚོས་པུས་མོ་བཙུགས་ཏེ་དེའི་རྗེས་ཟློས་ལན་གསུམ་དུ་གནང་དགོས།

དེ་ནས་ཐབས་ལེགས་ཞེས་བརྗོད་སྐབས་ཀུན་གྱིས་ཐེག་པ་ཆེན་པོའི་གསོ་སྦྱོང་གི་སྡོམ་པ་ཐོབ་སོང་སྙམ་པའི་མོས་པ་བྱ་དགོས། དེའི་མཇུག་ཏུ་བསླབ་པ་བརྗོད་པ་ཡིན། བསླབ་པ་བརྗོད་པ་ཞེས་པ་ནི་བསྲུང་བྱ་རྣམས་གསུངས་ཀྱི་ཡོད། དེ་ཡང་སྲོག་མི་གཅོད་པ། མ་བྱིན་པར་མི་ལེན་པ། མི་ཚངས་པར་མི་སྤྱོད་པ། རྫུན་མི་སྨྲ་བ། ཆང་མི་འཐུང་བ། དགོས་པ་ཁྱད་པར་ཅན་མེད་པར་ཁྲི་སྟན་ཆེན་པོར་མི་འཛེགས་པ། གུང་ལས་འདས་ཏེ་དུས་མ་ཡིན་པའི་ཁ་ཟས་མི་ཟ་བ། དྲི་ཞིམ་མི་གཏོར་བ་དང་གར་དང་གླུ་མི་བྱ་བ་རྣམས་ཡིན། དེ་ཡང་དེ་རིང་ནས་སང་ཉི་མ་མ་ཤར་གྱི་བར་དུ་སྲུང་སྙམ་པའི་ཀུན་སློང་དང་བཅས་དེ་རྗེས་ཟློས་མཛད་པར་ཞུ།


དེ་རིང་བཀའ་བརྒྱུད་སྨོན་གྱི་ཉིན་དང་པོ་ཆགས་ཀྱི་ཡོད། དེ་ཡང་ཚང་མས་མཁྱེན་གསལ་ལྟར་གནས་མཆོག་འདི་ཉིད་ནི་རྩ་ཆེན་ཞིག་ཡིན་པ་དང་། ནང་པ་སངས་རྒྱས་པའི་གནས་ཆེ་ཤོས་ཤིག་ཀྱང་ཡིན། དེ་ལ་ཆོས་བརྒྱུད་ཁག་ཀྱི་སྨོན་ལམ་ཡང་མང་པོ་ཚོགས་ཀྱི་ཡོད། གནས་དེར་བཀའ་བརྒྱུད་སྨོན་ལམ་དེ་དག་ཚོགས་ནས་ད་བར་ལོ་ངོ་སོ་བཞི་ཕྱིན་ཡོད། སྨོན་ལམ་ཚོགས་དགོས་པ་ནི་སེམས་ཅན་ཀུན་ལ་བདེ་སྐྱིད་འབྱུང་བ་དང་། འཛམ་གླིང་ཞི་བདེ་འབྱུང་བའི་ཆེད་ཡིན། ཞི་བདེ་འབྱུང་བའི་རྩ་བ་ནི་རང་ཉིད་མི་བཟང་པོ་བྱེད་རྒྱུ་དེ་རེད། དེ་འདྲ་ཡིན་སྟབས་ཚང་མས་ཐོག་མར་རང་ཉིད་བཟང་པོར་བཅོས་དགོས། ཐམས་ཅད་ཆོས་བཞིན་ཡོང་དཀའ་ཡང་འབད་བརྩོན་བྱ་དགོས་པ་ཡིན། འབད་བརྩོན་བྱས་ན་མི་འབྱུང་ཅི་ཡང་མེད། སྨོན་ལམ་འདི་ཡང་ལོ་ལ་ལན་གཅིག་ལས་མེད། དེ་ཡང་ཉིན་འགའ་ལས་མེད་སྟབས་ཚང་མས་གང་དྲག་དྲག་གནང་རོགས་ཞེས་བཀའ་སྩལ།


ཕུང་པོ་གསུམ་པའི་མདོའི་བཀའ་ཁྲིད།


དེ་ཡི་མཇུག་ཏུ་ཕུང་པོ་གསུམ་པའི་མདོ་གསུང་སྐབས། ད་ཕུང་པོ་གསུམ་པའི་མདོ་འདོན་པའི་དུས་ལ་བབ་པ་ཡིན། ཕུང་པོ་གསུམ་པོ་དེ་ནི་ཕྱག་འཚལ་བའི་ཕུང་པོ་དང་། རྗེས་སུ་ཡི་རང་པའི་ཕུང་པོ་དང་། བསྔོ་བའི་ཕུང་པོ་བཅས་ཡིན། མདོ་འདི་ཡང་སྔར་རྒྱ་གར་ལ་མ་གཏོགས་བོད་དུ་འདོན་སྲོལ་མེད།

སྔར་རྒྱ་གར་དུའང་སྡིག་པ་སྟོབས་ཆེན་བྱེད་པ་དག་གིས་འདོན་སྲོལ་ཡོད་པས་ཕྱིས་ནས་བོད་དུ་མདོ་དེ་དག་འདོན་པའི་སྐབས་སྡིག་པོ་ཆེ་ཞིག་འདུག་ཅེས་ཟེར་སྲོལ་ཡོད། གང་ལྟར་ཡང་ང་ཚོས་འཁོར་བ་ཐོག་མ་མེད་པ་ནས་སྡིག་པ་དཔག་ཏུ་མེད་པ་བྱས་ཡོད། སྡིག་པ་དེ་དག་བཤགས་པའི་ཐབས་མཆོག་ཏུ་འགྱུར་པ་ནི་ཕུང་པོ་གསུམ་པའི་མདོ་དེ་ཉིད་དུ་གྱུར། དེ་ཡང་དང་པོ་ཕྱག་འཚལ་བའི་ཕུང་པོ་ནི། སངས་རྒྱས་སོ་ལྔ་པོ་དེ་དག་ལ་དམིགས་ནས་ཚེ་ཐོག་མ་མེད་པ་ནས་བསགས་པའི་སྡིག་པའམ། ཡང་ན་ཚེ་སྟོད་ལ་བསགས་པའི་སྡིག་པའམ། མདོར་ན་སྡིག་པ་ཅི་དང་ཅི་བགྱིས་པ་ཐམས་ཅད་ཁོང་རྣམས་ཀྱིས་མ་མཁྱེན་པ་མེད་པས། དེ་དག་གི་སྤྱན་སྔར་སྡིག་པ་དེ་དག་བཤགས་ཀྱི་ཡོད་སྙམ་པའི་མོས་པ་བྱེད།


གཉིས་པ་རྗེས་སུ་ཡི་རང་བའི་ཕུང་པོ་ནི། རྗེས་སུ་ཡི་རང་བ་དེ་ལ་བསོད་ནམས་དཔག་ཏུ་མེད་པ་ཡོད། དེ་ཡང་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགེ་བ་ལ་རྗེས་སུ་ཡི་རང་བ་ཡིན་ན་བསོད་ནམས་དེ་དང་མཉམ་པ་ཐོབ་པར་གསུངས། སངས་རྒྱས་ཀྱི་མཛད་པ་ལ་རྗེས་སུ་ཡི་རང་བྱས་པ་ཡིན་ན་དེ་དང་ཆ་འདྲ་བའི་དགེ་རྩ་ཐོབ་ཀྱི་ཡོད།
གསུམ་པ་བསྔོ་བའི་ཕུང་པོ་ནི། ང་ཚོས་དགེ་བ་གང་བསགས་པའི་མཇུག་ཏུ་བསྔོ་བ་མ་བྱས་ན་དགེ་རྩ་དེ་དག་ཆུད་ཟོས་སུ་འགྱུར་བཞིན་ཡོད། དེས་ན་དགེ་རྩ་དེ་དག་ཡང་དག་གམ་གོང་དུ་འཕེལ་བའི་ཆེད་དུ་བསྔོ་བ་མཛད་དགོས་པ་ཡིན། མདོར་ན་བྱང་ཆུབ་སེམས་པའི་ལམ་གྱི་ཉམས་ལེན་མཐའ་དག་ཕྱག་འཚལ་བའི་ཕུང་པོ་དང་། རྗེས་སུ་ཡི་རང་བའི་ཕུང་པོ་དང་། བསྔོ་བའི་ཕུང་པོའི་ནང་མ་འདུས་པ་མེད་པས་ཁྱེད་རྣམ་པས་ཀྱང་ཕུང་པོ་གསུམ་པའི་མདོ་ལེགས་པར་འདོན་པར་ཞུ། ཞེས་བཀའ་སྩལ་ཏོ། །
བསམ་གཏན་མཐར་ཕྱིན་ནས་ཕབ།

ཐུན་བཞི་བླ་མའི་རྣལ་འབྱོར་གྱི་བཀའ་ཁྲིད་ཐུན་གཉིས་པ།

སྤྱི་ལོ་ ༢༠༡༧ཟླ་ ༢ ཚེས་ ༡༡ ཉིན་དཔལ་༸རྒྱལ་དབང་ཀརྨ་པ་མཆོག་ནས་བཀའ་སྩལ་དོན། ད་རིང་ཕྱི་དྲོ་ཐུན་བཞི་བླ་མའི་རྣལ་འབྱོར་གྱི་དམིགས་རིམ་གྱི་ཁྲིད་བྱ་རྒྱུ་ཡིན། དང་པོ་ཐུན་བཞི་བླ་མའི་རྣལ་འབྱོར་གྱི་མགོར་མ་ནམ་བཞིའི་སྐོར་འདོན་སྲོལ་ཡོད། མ་ནམ་བཞིའི་སྐོར་དེ་འགྲེལ་བཤད་མདོར་བསྡུས་ཞུ་ན། མ་ནམ་གྱི་ཚིག་རྐང་དང་པོ་དེ་གསོལ་འདེབས་དང་སྐྱབས་འགྲོའི་གཞི་མཐུན་ཡིན། རང་ཉིད་གཅིག་པུའི་དོན་དུ་གསོལ་བ་འདེབས་པ་མ་ཡིན་པར་སེམས་ཅན་ཐམས་ཅད་ཕྱག་རྒྱ་ཆེན་པོའི་གོང་འཕང་ཐོབ་པར་བྱ་བའི་ཆེད་དུ་གཞན་དོན་ལ་དམིགས་པ་ཞིག་དགོས་པ་ཡིན།

སངས་རྒྱས་རིན་པོ་ཆེ་གསུང་དུས་གསོལ་བ་འདེབས་སའི་བླ་མ་རིན་པོ་ཆེ་དེ་དཀོན་མཆོག་ཀུན་འདུས་ཀྱི་བདག་ཉིད་ཅིག་ལ་དུས་རྒྱུན་གསུང་སྲོལ་ཡོད་པ་བཞིན་ཐུགས་སངས་རྒྱས། གསུང་རྡོ་རྗེ། སྐུ་དགེ་འདུན་ཞེས་གསུངས་ཡོད་ཅིང་དཀོན་མཆོག་ཀུན་འདུས་ཀྱི་བདག་ཉིད་ཅིག་ལ་དམིགས་ནས་གསོལ་བ་འདེབས་དགོས་པ་རེད། དེའི་རྗེས་སྐུ་གསུམ་གྱི་སྐོར་ལ་གསོལ་བ་འདེབས་པ་ཡིན། གསོལ་བ་འདེབས་ཡུལ་བླ་མ་དེ་སྐུ་གསུམ་གྱི་ངོ་བོ་ཅན་སངས་རྒྱས་ཀྱིི་བདག་ཉིད་དུ་འཛིན་ནས་གསོལ་བ་འདེབས་དགོས། ད་ནི་མ་ནམ་བཞི་སྐོར་གྱི་དམིགས་རིམ་ཞུ་རྒྱུ་ཡིན། རང་ཉིད་ཀྱི་སྤྱི་བོའི་ཐད་ཀྱི་ནམ་མཁའ་ལ་ཡེ་ཤེས་ཀྱི་མཁའ་འགྲོ་མ་དབུ་སྐྲ་སིལ་མ་སྤྱན་གསུམ་པ། ཕྱག་གཡས་སེང་ལྡེང་གི་ཌཱ་རུ་དང་གཡོན་ཐོད་པ་བདུད་རྩིས་གང་བ་བསྣམས་པ། སྐུ་ལ་རྒྱན་ཆ་ལུགས་ཅི་ཡང་མེད་པ་གཅེར་བུ་ཡིན་པ། ཐུགས་བདེ་བ་ཆེན་པོས་བརྒྱན་པ་ལུས་ཀྱི་སྟངས་སྟབས་སྣ་ཚོགས་བྱས་པ་ཞིག་ནམ་མཁར་གསལ་འདེབས་པ་ནི་གཙོ་བོ་ཡིན། དེའི་གཡས་གཡོན་དུ་མཁའ་འགྲོ་མ་དཀར་སེར་དམར་ལྗང་ཁྲ་མོ་སོགས་སྒོམ་དགོས།

དེ་དག་སྐུ་མདོག་དང་ཆ་ལུགས་ཐ་དད་ཙམ་མ་གཏོགས་ངོ་བོ་གཅིག་ལ་ཉི་ཟེར་གྱི་རྡུལ་འཚུབ་པ་ལྟར་ནམ་མཁའ་དང་ས་གཞི་གང་བར་དམིགས། དབུས་ཀྱི་གཙོ་མོ་སྐུ་མདོག་དམར་མོ་དེའི་ནམ་མཁར་འཇའ་འོད་འཁྲིགས་པའི་ཀློང་དུ་སོ་སོའི་མོས་པ་གང་ཡོད་ཀྱི་ཀརྨ་པ་རབ་བྱུང་གི་ཆས་ཅན་དབུ་ཞྭ་ནག་གསེར་མདངས་ཅན་ཕྱག་གཉིས་ཀྱི་རྡོར་དྲིལ་ཐུགས་ཀར་བསྣོལ་སྟབས་སུ་འཛིན་པ། ཞབས་སྐྱིལ་ཀྲུང་དུ་བཞུགས་པ་ཞིག་སྒོམ། ཀརྨ་པ་སྒོམ་དགོས་པ་དེ་ཡང་མཚོན་བྱེད་ཙམ་ཡིན་པ་ལས་མཐའ་གཅིག་ཏུ་ཀརྨ་པ་སྒོམ་དགོས་པ་མེད། སོ་སོའི་རྩ་བའི་བླ་མ་དང་བརྒྱུད་པའི་བླ་མ་སྒོམ་ཆོག གལ་སྲིད་བླ་མ་གཞན་སྒོམ་ན་རྩ་བའི་བླ་མ་མི་བསྐྱོད་རྡོ་རྗེ་ནི་ཞེས་པའི་མཚན་ལ་འགྱུར་བ་བཏང་ན་ཡང་ཆོག་པ་རེད། དེ་མིན་ན་ཡང་དོན་ལ་བསམ་བློ་དེ་ལུགས་བཏང་ནའང་ཆོག །དེའི་དམིགས་རིམ་དེ་མ་ནམ་བཞི་སྐོར་འདོན་པའི་སྐབས་སུ་བྱ་དགོས། སྤྱིར་བཏང་མ་ནམ་བཞི་སྐོར་ཚར་གསུམ་གསུང་སྲོལ་ཡོད་ཀྱང་གྲངས་ཀ་ལ་ཚད་མེད་ཅིང་ཉེར་གཅིག་མན་ཆད་འདོན་ཆོག །ན་མོ་གུ་རུ་ཞེས་པ་ནས་ད་ནི་སྙིང་ནས་གསོལ་བ་འདེབས་པའི་དུས་ཞེས་པའི་བར་དམིགས་རིམ་ཞུ་རྒྱུ་ཡིན། དེ་སྤྱན་འདྲེན་དང་བྱིན་འབེབས་གཉིས་ཀ་ཡིན་པར་གསུངས་ཡོད། དེ་གོང་དང་དམིགས་རིམ་མཚུངས་པས་མང་དུ་ཞུ་མི་དགོས། གསོལ་འདེབས་ཀྱི་ཚིག་ལ། ཀྱེ་སྣང་ཞིང་སྟོང་ལ་ཞེས་པ་དེ་བླ་མའི་སྐུ་གསུང་ཐུགས་ལ་གསོལ་བ་འདེབས་པ་རེད། སྐབས་འདིའི་གསོལ་འདེབས་ནི་སྤྱན་འདྲེན་གྱི་གསོལ་འདེབས་ཡིན། བླ་མས་བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརླབ་ཕྱིར་ཕེབས་རོགས་གྱིས་ཞེས་གསོལ་བ་འདེབས་པ་རེད། བླ་མའི་སྐུ་སྣང་སྟོང་དབྱེར་མེད། གསུང་གྲག་སྟོང་དབྱེར་མེད། ཐུགས་བདེ་སྟོང་དབྱེར་མེད་ཀྱི་སྒོ་ནས་གསོལ་བ་འདེབས་ཤིང་འདིར་ཕེབས་རོགས་ཞེས་གསོལ་བ་འདེབས་དུས་རང་གི་སྔར་མདུན་གྱི་ནམ་མཁར་བསྐྱེད་པའི་བླ་མ་མི་བསྐྱོད་རྡོ་རྗེ་དེའི་སྐུ་གསུང་ཐུགས་ལས་འོད་ཟེར་ཁ་དོག་སྣ་ཚོགས་པ་ནམ་མཁའ་མཐའ་དག་ཁྱབ་ཅིང་འཕྲོས་ཏེ་འཛམ་གླིང་བྱེ་བ་ཕྲག་བརྒྱ་ཟེར་ནའང་འདྲ། ཞིང་ཁམས་བྱེ་བ་ཕྲག་བརྒྱ་ན་བཞུགས་པའི་ཀརྨ་པ་བྱེ་བ་ཕྲག་བརྒྱ་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་བླ་མ་ཀརྨ་པའི་རྣམ་པར་སྤྱན་དྲངས། དེ་ལྟར་སྤྱན་འདྲེན་པའི་སྐབས་ཚང་མས་བྱིན་རླབས་ཕྱག་རྒྱ་མཛད་དགོས། བྱིན་རླབས་ཕྱག་རྒྱ་ཟེར་ན་བླ་མའི་ཕྱག་དང་ཞབས་ཚང་མ་རང་ལ་བསྟན་ནས་བྱིན་གྱིས་བརླབས་པར་མོས་དགོས། དེ་དག་ཐམས་ཅད་སྤྱན་དྲངས་སྐབས་འཇའ་དང་མེ་ཏོག་གི་ཆར་སྤོས་དྲི་དང་བཅས་ནམ་མཁའ་བར་སྣང་གང་བར་བྱོན་ནས་ཐམས་ཅད་སྤྱི་བོའི་བླ་མ་ཀརྨ་པ་ལ་ཐིམ་པར་མོས། འདི་ལ་གུ་རུ་རཏྞ་མའི་ཐང་ཀ་ཞིག་བྲི་སྲོལ་བྱུང་འདུག །དེའང་སི་ཏུ་སྐུ་ཕྲེང་ཞིག་གིས་ཞལ་བཀོད་མཛད་དེ་བྲིས་པ་ཡིན་འདུག །ཁོང་ལ་ད་ལྟའི་འདོན་པ་ཇི་བཞིན་ཞལ་གཟིགས་ཏེ་ཁོང་གིས་ཞལ་བཀོད་མཛད་དེ་བྲིས་པ་གུ་རུ་རཏྞ་མའི་ཐང་ཀ་ཞེས་པ་དེ་བྱུང་བ་ཡིན་འདུག མདོར་ན། ན་མོ་གུ་རུ་སྤྱི་བོའི་གཙུག་ན་ཞེས་པ་ནས་ད་ནི་སྙིང་ནས་གསོལ་བ་འདེབས་པའི་དུས། ཞེས་པའི་བར་གོང་ཞུས་ལྟར་དམིགས་པ་མཛད་དགོས། དེའི་སྐབས་བླ་མའི་གནས་གསུམ་ལས་འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས་ཞེས་གསུངས་ཡོད་ཀྱང་དེ་གསལ་བར་ཞུ་ན། བླ་མའི་དཔྲལ་བ་ནས་སྐུ་མཚོན་བྱེད་ཀྱི་འོད་ཟེར་དཀར་པོ། མགྲིན་པ་ནས་གསུང་མཚོན་བྱེད་ཀྱི་འོད་ཟེར་དམར་པོ། ཐུགས་ཀ་ནས་ཐུགས་མཚོན་བྱེད་ཀྱི་འོད་ཟེར་སྔོན་པོ་འཕྲོས་དགོས་པ་རེད།      དེའི་རྗེས་ལ་ད་རེས་གོང་དུ་དབུས་ཀྱི་གཙོ་མོ་སྐུ་མདོག་དམར་མོ་ལ་མཁའ་འགྲོ་དཀར་སེར་དམར་ལྗང་མང་པོའི་སྐོར་བ་སྐྱེད་དགོས་པ་ཡིན་ཞེས་ཞུས་པ་དེ་དཀར་སེར་དམར་ལྗང་སོགས་རིགས་སོ་སོར་ཐིམ་ཞིང་། མཐའ་མ་དེ་ལ་ཁ་དོག་བདུན་མ་གཏོགས་མེད་པ་ཞིག་སྒོམ། དེ་ནས་ཡེ་ཤེས་མཁའ་འགྲོ་ལྗང་གུ་མཁའ་ལ་ཤར་ཞེས་པ་ནས་ནམ་མཁའ་གང་བའི་མི་བསྐྱོད་རྡོ་རྗེ་ཨཱཿ ཞེས་པའི་བར་ཞུ་རྒྱུ་ཡིན། དེའི་སྐབས་དམིགས་པ་གང་དགོས་རེད་ཅེ་ན་མཁའ་འགྲོ་མ་སྐུ་མདོག་མ་འདྲ་བ་རིགས་སོ་སོར་བསྡུས་པས་རྗེས་སུ་བདུན་ཡོད་པ་དེ་རང་གི་སྤྱི་བོའི་ནས་གནས་སྤོས་ཏེ་ཀརྨ་པ་ལ་སྐོར་ཞིང་བཞུགས་པ་སྒོམ། དེ་བདུན་སྒོམ་དགོས་དོན་ཡང་སྡིག་སྒྲིབ་དང་མཁའ་འགྲོའི་གྲིབ་སེལ་འཇོམས་པ་དང་ཉོན་མོངས་དང་སྒྲིབ་པ་འཇོམས་ཆེད་དུ་ཡིན་པར་གསུངས། དང་པོ་དེ་ལ་མཁའ་འགྲོ་མ་སྐུ་མདོག་སོ་སོ་སོ་སོར་བཤད་རྒྱུ་དེ་རེད། དང་པོ་ལྗང་ཁུ་ལས་འོད་ཟེར་འཕྲོས་ཏེ་རང་ལ་ཕོག་ཀྱང་ཆོག་ལ་བསྲུང་བྱ་དམིགས་བསལ་གཞན་ལ་ཕོག་ཀྱང་ཆོག་གཙོ་བོར་ཕྲག་དོག་གི་སྒྲིབ་པ་དང་ཚེ་རབས་ནས་ད་བར་བསགས་པའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་དག་པར་སྒོམ། དང་པོ་བཤགས་པ་བྱེད་དེ་ནས་མོས་པ་དེ་ལྟར་བྱས་ན་འགྲིག་གི་མེད་དམ་སྙམ། དེ་བཞིན་དུ་སེར་མོས་ཉོན་མོངས་པ་ང་རྒྱལ་གྱི་སྒྲིབ་པ་དག དམར་མོས་ཉོན་མོངས་པ་འདོད་ཆགས་ཀྱི་སྒྲིབ་པ་དག དཀར་མོས་ཉོན་མོངས་པ་གཏི་མུག་གི་སྒྲིབ་པ་དག ནག་མོས་ཉོན་མོངས་པ་དམ་ཚིག་ཉམས་ཆག་གི་སྡིག་སྒྲིབ་ཐམས་ཅད་དག སྔོན་མོས་ཉོན་མོངས་པ་ཞེ་སྡང་གི་སྒྲིབ་པ་དག ཁྲ་མོས་དུག་གསུམ་འདྲེས་མའི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་སྒོམ། འདི་ནི་སྡིག་སྒྲིབ་སྦྱངས་པ་ལ་མཆོག་ཏུ་གྱུར་པ་ཞིག་ཡིན། སྡིག་སྒྲིབ་སྦྱང་དགོས་དོན་དེ་བླ་མའི་བྱིན་རླབས་འཇུག་པའི་ཆེད་དུ་རེད། སྡིག་སྒྲིབ་ཆེན་པོ་ཅན་ལ་བླ་མའི་བྱིན་རླབས་འཇུག་དཀའ། མཁའ་འགྲོ་མ་སྐུ་མདོག་ཁ་ཁ་ཡོད་བསྡད་པ་དེ་དཔེར་ན། ལྗང་ཁུ་ལྟར་ན་ཕྲག་དོག་རྣམ་དག་ཡིན་པར་སྒོམ།


མཁའ་འགྲོ་མ་བདུན་དེས་མི་བསྐྱོད་རྡོ་རྗེ་ལ་བསྐོར་ཡོད་པའི་བཟོ་རེད་དེ་སྒོམ་སྐབས་མི་བསྐྱོད་དབུས་སུ་བཞུགས་ཤིང་མཁའ་འགྲོ་མས་མཐའ་ནས་བསྐོར་བར་སྒོམ། དེ་དག་ཐམས་ཅད་ཞལ་རང་ལ་ཕྱོགས་པ་སྒོམ་ན་འགྲིག་གི་མེད་དམ་སྙམ། ཞལ་གང་དུ་སྒྱུར་གསལ་ཁ་མི་འདུག་དེ་ཡིན་ཙང་ཞལ་རང་ལ་ཕྱོགས་པ་སྒོམ་ན་འགྲིག མཐའ་མ་དེ་ལ་མཁའ་འགྲོ་མ་བདུན་དེ་འོད་ཀྱི་རྣམ་པར་གྱུར་ནས་གཙོ་མོ་ལ་ཐིམ། དེ་ཡང་འོད་དུ་ཞུ་ནས་རང་ལ་ཐིམ། རང་ལ་ཐིམ་པ་དེའི་སྟོབས་ཀྱིས་རང་ཉིད་རྡོ་རྗེ་ཕག་མོ་སྐུ་མདོག་དམར་མོ་མེ་ཏོག་དམར་པོའི་ཕྲེང་བ་ལས་རྒྱན་ཆ་གཞན་མེད་པ་དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབས་པ། ཕག་ཞལ་མེད་པ་སྤྱན་གསུམ་ནམ་མཁའ་ལ་གཟིགས་པ་གསུང་དུས་མི་བསྐྱོད་རྡོ་རྗེ་ལ་གཟིགས་པར་གོ་དགོས་མིན་ནམ་སྙམ།  ཁ་ཊྭཱཾ་མེད་པ། ཞབས་གཡས་བརྐྱང་གཡོན་བསྐུམ་ཞིང་འོད་ཕུང་གི་དབུས་སུ་པད་ཉིའི་གདན་ལ་བཞུགས་པར་སྒོམ། དེ་སྒོམ་ཟིན་པའི་རྗེས་སྤྱི་གཙུག་ཏུ་བཞུགས་པའི་ཀརྨ་པ་དེ་འཁོར་ལོ་བདེ་མཆོག་ཡབ་རྐྱང་དུ་གྱུར་ཏེ་སྐུ་མདོག་སྔོན་པོ་ཞལ་ཅུང་ཁྲོ་ལ་ཅུང་འཛུམ་པ། སྤྱན་གསུམ་པ། དབུ་སྐྲ་ཐོར་ཚུགས་ལ་ཟླ་ཕྱེད་རྡོ་རྗེས་བརྒྱན་པ། སྟག་ཤམ་དང་གླང་ཆེན་ཀོ་རློན་གསོལ་བ། རུས་པའི་རྒྱན་དྲུག་གསོལ་ཞིང་མེ་དཔུང་གི་འབར་ཞིང་ཕྱག་གཉིས་ཆོས་འབྱུང་གི་ཕྱག་རྒྱ་དང་།  ཞབས་གཡས་བརྐྱང་གཡོན་བསྐུམ་ཞིང་གར་སྟབས་མཛད་ནས་བཞུགས་པ་ཟེར་དུས་བཞུགས་ཟེར་བ་འདི་སྐབས་འདིར་ཡོད་པ་ལ་གོ་དགོས། བླ་མ་མི་བསྐྱོད་རྡོ་རྗེ་རང་གི་མདུན་དུ་མར་བྱོན་པས་རང་གིས་ཕྱག་གི་ཀ་པཱ་ལ་བདུད་རྩིས་གང་བ་ཕུལ་བར་བསམ། ཕུལ་བ་ཙམ་གྱིས་ཡེ་ཤེས་ཀྱི་མེ་རབ་ཏུ་འབར་ཞིང་མཐར་མེ་འོད་ཀྱི་རྣམ་པར་གྱུར་ཅིང་རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་སྙིང་པད་ཉིའི་གདན་ལ་བཞུགས་པར་བསམ། སྐབས་འདིར་བདུད་རྩི་ཞལ་ལ་དྲངས་དགོས་ཨེ་ཡོད་ན་སྙམ། མཆོད་པ་ཕུལ་སྐབས་ཡེ་ཤེས་ཀྱི་བདུད་རྩི་དྲག་ཏུ་མཆོད་ཡོང་དུས་མེ་ལ་སྣུམ་བླུགས་པ་ལྟར་མེ་དཔུང་གི་ཁྱབ་པར་གྱུར་ཅིང་། དེ་ཡང་མེ་འོད་ཀྱི་རྣམ་པ་རང་གི་སྙིང་པད་ཉིར་ཞུགས་པ་དེ་འདྲ་མིན་འགྲོ་བསམ་གྱི་འདུག ནམ་མཁའ་གང་བའི་མི་བསྐྱོད་རྡོ་རྗེ་ཞེས་པ་ནས་ཕྲིན་ལས་དྲག་པོ་ཨོཾ་ཞེས་པའི་བར་གྱི་དམིགས་རིམ་ཞུ་རྒྱུ་ཡིན། མདུན་གྱི་ནམ་མཁའི་བདེ་མཆོག་རང་ཉིད་རྡོ་རྗེ་རྣལ་འབྱོར་མའི་སྙིང་ཁར་གདན་དྲངས་ཟིན་རྗེས་འདི་སྒོམ་དགོས། འདི་ཡི་སྐབས་རླུང་སྒོམ་དགོས་ཤིང་དེ་ལ་རླུང་བུམ་པ་ཅན་དང་བར་རླུང་གཉིས་ཡོད། ཁྲིད་ཡིག་ནང་དུ་རང་གཅིག་པུ་ཡིན་ཚེ་རླུང་བུམ་པ་ཅན་བཟུང་། རོགས་པ་ཡོད་དུས་བར་རླུང་བཟུང་དགོས་གསུང་འདུག བར་རླུང་དེ་ཡག་པ་མིན་འགྲོ་སྙམ། འོག་རླུང་ཅུང་ཙམ་བཀག སྟེང་རླུང་ཅུང་ཙམ་བཀག་སྟེ་ཕོ་བ་དགང་ཙམ་བྱེད་པ་དེ་རེད། ནམ་མཁའ་གང་བའི་མི་བསྐྱོད་ལ་སོགས་པ་དེ་དག་མི་བསྐྱོད་རྡོ་རྗེའི་མཚན་གྱི་རྣམ་གྲངས་རེད། གཙོ་བོ་དེ་སྐུ་བཞི་མཚོན་བྱེད་རེད། མཐའ་དྲུག་ཚུལ་བཞི་མང་པོ་སྦྱར་རྒྱུ་ཡོད་འདུག་སྟེ་དེ་དག་མི་དགོས་པར་གྱིས། ཨོྃ་སྐུ་རྡོ་རྗེ་མཚོན་བྱེད། ཨཱཿ་གསུང་རྡོ་རྗེ་མཚོན་བྱེད། ཧཱུྃ་ཐུགས་རྡོ་རྗེ་མཚོན་བྱེད། ཧོ་མི་བསྐྱོད་པ་མཚོན་བྱེད་གྱིས། དང་པོས་སྤྲུལ་སྐུ། གཉིས་པས་ཆོས་སྐུ། གསུམ་པས་ལོངས་སྐུ།  བཞི་པས་ངོ་བོ་ཉིད་སྐུ་མཚོན་བྱེད་རེད། མདོར་ན་སྙིང་གི་དབུས་ཀྱི་བླ་མ་བདེ་མཆོག་དེ་སྐུ་བཞི་དབྱེར་མེད་དུ་སྒོམ་སྟེ་གདུང་ཤུགས་དྲག་པོས་གསོལ་འདེབས་བྱེད་དགོས་པ་རེད། དེ་ནས་རྗེ་བཙུན་དམ་པ་ནས་ཀརྨ་པ་མཁྱེན་ནོ་ཞེས་པ་དེ་ཡི་བར་གསོལ་འདེབས་རེད། དེའི་རྗེས་ལ་ཀར་མཁྱེན་བསག་རྒྱུ་རེད་དེ་ཡང་ཕྲེང་སྐོར་གཅིག་ལྷག་ཇི་ཙམ་བསག་ན་འགྲིག སྐབས་འདིར་ཀརྨ་པ་མཁྱེན་ནོ་ཟེར་བ་མཚོན་བྱེད་ཙམ་རེད་བླ་མ་གཞན་གྱི་མཚན་བསྙེན་བགྲང་ན་ཡང་འགྲིག ཡང་ན་ཀརྨ་པ་ཞེས་པ་དེ་ཕྲིན་ལས་པ་རེད་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་འཕྲིན་ལས་པ་ཡིན་དུས་ཀརྨ་པ་མཁྱེན་ནོ་ཞེས་པ་དེ་བླ་མ་ཐམས་ཅད་ཀྱི་མཚན་སྔགས་ཡིན་པ་ཆགས་མེད་རིན་པོ་ཆེས་གསུངས་ཡོད། དམིགས་བསལ་གཞན་མ་སྒོམ་ན་ཡང་དེ་ལ་དམིགས་ན་འགྲིག་གི་མེད་དམ་སྙམ། ཀར་མཁྱེན་འདོན་ཟིན་རྗེས་མཉམ་པར་གཞག་དགོས་གསུངས་ཡོད། མཇུག་སྐུ་བཞི་བདག་ཉིད་སྐབས་སུ་བཞག་ན་ཡང་ཆོག་པ་རེད།  ཐུགས་རྗེ་གཅིག་བསྡུས་ནས་སྙིང་ནས་བྱིན་གྱིས་རློབས་ཤིག་ཅེས་པའི་བར་གསོལ་བ་འདེབས་པ་རེད། སྙིང་ཁོང་ནས་གསོལ་འདེབས་པ་ལས་དེ་ལ་དམིགས་གཏད་དམིགས་བསལ་ཡོད་མ་རེད། དེའི་རྗེས་སུ་བླ་མ་ཀརྨ་པ་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས་པར་མོས། རང་ཉིད་རྡོ་རྗེ་རྣལ་འབྱོར་མ་སྐྱེད་པ་དེ་ཡང་འོད་དུ་ཞུ་ནས་ནམ་མཁར་འཇའ་ཡལ་བ་ལྟར་གྱུར་རྗེས་དམིགས་མེད་དུ་མཉམ་པར་འཇོག འོད་དུ་ཞུ་བ་དེ་ཡང་མོས་པ་ཙམ་མ་ཡིན་པར་མོས་གུས་ཤུགས་ཆེ་ཞིང་མེ་ལྟར་འབར་བའི་ངང་བླ་མ་འོད་དུ་ཞུ་བ་དེ་དང་རང་སེམས་གཉིས་མེད་དུ་མོས་ཤིང་དེ་ཡང་མོས་པ་ཙམ་དང་དམིགས་པ་སྐམ་པོ་བྱས་ན་མི་འགྲིག མོས་གུས་ཀྱི་དངོས་གཞི་ཡིན་གསུང་ཡོད། འདི་ཡི་སྐབས་སོ་སོར་མོས་གུས་ཀྱི་སེམས་ཤིག་སྐྱེས་ནས་དེ་ཡང་སྤྲོས་པ་དང་བྲལ་ཞིང་བཅས་བཅོས་གང་ཡང་མེད་པར་དེའི་ངོ་བོར་འཇོག་པ་ནི་མོས་གུས་ཕྱག་རྒྱ་ཆེན་པོ་ཟེར་བ་དེ་རེད། དེ་ཡང་མོས་གུས་སྐྱེ་དུས་ནས་སྤྲོས་བྲལ་དང་ལྷན་དུ་ཡོད་པ་ཡིན། སྒོམ་སྐབས་མོས་གུས་རང་ལ་མཛུབ་མོ་བཙུགས་ཏེ་ཆོས་ཅན་མ་སྤངས་པའི་ཐོག་ནས་ཆོས་ཉིད་ངོ་འཕྲོད་པར་བྱ་དགོས། སྐབས་འདིར་དད་པ་དང་མོས་གུས་གཉིས་ཁྱད་པར་གང་ཡོད་ཅེ་ན། སྤྱིར་བཏང་དད་པ་རྣམ་པ་གསུམ་དེ་བཤད་མི་དགོས་པར་མོས་པ་དེ་དད་པ་རྣམ་གསུམ་ལས་འདོད་པའི་དད་པ་རེད། གུས་པ་དེ་ལུས་ངག་གི་གུས་པ་རེད། དད་པ་ཟེར་ན་བསྟན་བཅོས་ཀྱི་བརྡ་དང་མོས་གུས་ཟེར་བ་ནི་མན་ངག་གི་བརྡ་རེད།

མོས་པ་ཟེར་བ་དེ་ལུས་ངག་བློས་གཏོང་བྱེད་པ་ལ་གོ་དགོས།

དཔལ་ལྡན་བླ་མ་དམ་པ་ལ་ཞེས་པ་ནས་སྙིང་ལ་རུས་པ་དུམ་བུ་རེ་ཡོད་པར་བྱིན་གྱིས་རློབས་ཤིག་ཅེས་པའི་བར་གྱི་འགྲེལ་བཤད་ཞུ་རྒྱུ་ཡིན། གསོལ་འདེབས་འདི་ཇི་ལྟར་ཡིན་ཞེ་ན་བླ་མ་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཇི་ལྟར་བསྟེན་ཚུལ་ཡིན། དམིགས་པ་དམིགས་བསལ་མེད། ཁ་རྩང་མདོར་བསྡུས་ཞུས་པ་བཞིན་བསྟན་གྱི་ཡོད། སྐྱེ་དང་ཚེ་རབས་ཀུན་ཏུ་མི་འབྲལ་ཞེས་པའི་བར་གཅིག་མཚུངས་ཡིན། སྐྱེ་བ་ཀུན་ཏུ་དཔལ་ལྡན་ཀརྨ་པ་ཞེས་པ་འདི་ལ་གོ་རྒྱུ་གཉིས་ཡོད། དང་པོ་མི་ནས་མི་རུ་སྐྱེ་ན་ཚེ་རབས་ཀུན་ཏུ་བླ་མ་ཀརྨ་པ་དང་མི་འབྲལ་བ་དང་། གཉིས་པ་ཞིང་ཁམས་སུ་སྐྱེ་བ་ཡིན་ན་བླ་མ་ཀརྨ་པ་སྤྱན་རས་གཟིགས་དང་མི་འབྲལ་བར་གོ་དགོས།  མཉམ་མེད་དྭགས་པོ་བཀའ་བརྒྱུད་ནས་བསམ་བརྗོད་རེ་བ་ལས་འདས་པ་ཞེས་པའི་བར་གསོལ་འདེབས་ཐོགས་ཆོག་མ་ཟེར། སྐབས་འདིར་རང་ཉིད་བདེ་མཆོག་ཡབ་ཡུམ་སྒོམ། ཐོག་ནས་མར་ཕྱག་ཆེན་བརྒྱུད་རིམ་སྒོམ་ནས་འདོན་སྒོམ་བྱེད་དགོས། དེ་མ་ཐུབ་ན་ཡང་རང་ཉིད་ཀརྨ་པ་ཁོ་ན་སྒོམ་ཀྱང་ཆོག་པར་གསུངས། གསོལ་འདེབས་ཀྱི་རྗེས་སུ་དབང་བཞི་དབང་ལེན་པའི་མོས་པ་བྱས་ན་ཆོག་པ་ཡིན། དབང་བཞི་ལེན་ཚུལདེ་ལ་བླ་མའི་སྤྱི་བོ་ནས་འོད་དཀར་པོ་འཕྲོས་ཏེ་རང་གི་སྤྱི་བོར་ཕོག བུམ་དབང་ཐོབ། མགྲིན་པ་ནས་འོད་ཟེེར་དམར་པོ་འཕྲོས་རང་གི་མགྲིན་པར་ཕོག སྙིང་ཁ་ནས་འོད་མཐིང་ཁ་འཕྲོས་རང་གི་སྙིང་ཁར་ཕོག འདིར་བདུད་རྩིི་འབེབས་སྦྱོང་དགོས་ཤིང་དེ་ཡང་ཇི་ལྟར་དགོས་ཞེ་ན། སྤྱི་བོར་བླ་མ་ཀརྨ་པ་སྒོམ་ཡོད་ན་དེ་ལས་བདུད་རྩི་བབས་ཏེ་རང་གི་སྤྱི་གཙུག་གང་ལུས་ཀྱི་སྒྲིབ་པ་དག དེ་ནས་མགྲིན་པ་སྙིང་ག་ལྟེ་བ་ཡན་ཆད་གང་བར་དམིགས་རིམ་རྒྱས་པར་གསུངས།

མཐའ་མར་དེ་ལ་མདུན་གྱི་ནམ་མཁར་རྩ་བ་བརྒྱུད་པའི་བླ་མ་སྒོམ་པར་རིམ་གྱིས་མོས་པར་བྱེད་ནས་མཐར་ཅུང་མཉམ་པར་བཞག་ཀྱང་ཆོག །དེ་ནས་འགྲེལ་པ་ཐོགས་ཆོག་མའི་ཕན་ཡོན་ཞིག་གསུང་སྟེ་ཐུན་བཞིའི་འགྲེལ་པ་གྲུབ།

མ་ནམ་ཚར་གསུམ། ཡི་གེ་འབྲུ་བཞི་ཚར་བཞི་འདོན་སྲོལ་ཡོད། མི་འཇིགས་དབུགས་འབྱིན་ཚར་གསུམ་འདོན་སྲོལ་ཡོད། དུས་ཚོད་མེད་ན་ཚར་གཅིག་གིས་ཆོག་པར་སེམས། ཀར་མཁྱེན་ནི་ཚར་ཇི་ཙམ་འདོན་འདོན་རེད། ཉིན་རེར་ཚར་རེ་འདོན་དགོས་ཟེར་དུས་ཉིན་ཞག་བརྩི་ཤེས་དགོས་པ་གལ་ཆེ། ཆུ་ཚོད་ཉེར་བཞིར་བརྩི་སྟངས་དེ་མ་ཡིན་པར་་ཐོ་རེངས་ཀྱི་རྒྱུ་སྐར་ཤར་དུས་ཉིན་ཕྱི་མ་ཡིན་པ་རེད། དེ་རིང་ཚར་གཅིག་མ་ཐོན་ན་ཡང་སང་ཉིན་ཚར་མང་པོ་འདོན་ན་འགྲིག་གི་མེད་དམ། དེ་བཞིན་བསམས་ནས་ཉིན་མང་པོར་བསག་ན་དཔེ་བསགས་ཀྱི་རེད། མ་གཞི་ཚིག་མང་ཉུང་ལ་ཁྱད་པར་མེད། འདུན་པ་དང་དམིགས་རིམ་དེ་དག་ལེགས་པོ་བྱུང་ཚེ་དེ་གས་འཐུས་སྙམ། བསྡུས་ན་དང་པོ་མ་ནམ་བཞི་སྐོར་འདོན་ནས་དམིགས་རིམ་ཆ་ཚང་བ་ཞིག་བྱས་ནས་ཀར་མཁྱེན་གྲངས་གང་མང་བསག་ན་འགྲིག་གི་མེད་དམ། ཡིན་ནའང་དེ་ནི་འུ་ཐུག་པའི་སྐད་ཆ་རེད་མ་གཏོགས་རྒྱུན་དུ་དེ་བྱས་ན་སེམས་རྒྱུད་ངན་ལོབས་ནས་སུས་ཀྱང་ཁ་གཏད་གཅོག་མི་ཐུབ་པར་ཆོས་དྲེད་ཤོར་ན་ཉེན་ཆེ་བས་གཟབ་དགོས། གཙོ་བོ་དོན་ལ་བསམ་དགོས་པ་དེ་གལ་ཆེ། ཚིག་ཙམ་གྱི་འགྲིག་པ་ཡིན་ན་སྒྲ་ཞིག་ལེན་ནས་ཚུར་མངགས་ན་འགྲིག་གི་འདུག་སྟེ་དེ་མ་རེད། གཙོ་བོ་དོན་ལ་བསམ་བློ་བཏང་ནས་ཚིག་དོན་མཚུངས་པར་བྱས་ཏེ་ཐུན་བཞི་ལ་འབད་དགོས་པ་གལ་ཆེའོ། །ཐུབ་བསྟན་སྦྱིན་པ་ནས་ཕབ།